དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-11

     རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལྟར། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕྲད་པའི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་གྱི་ཕུགས་ཀྱི་དམིགས་ཚད་བཏོན་པ་དང་།“ལོ་ལྔ་ཚན་བཅུ་བཞི་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གཏན་འབེབས་བྱས་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་ཡག་པོ་བྱ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱུན་འཛིན་དང་གསར་གཏོད་དང་། སྲིད་གཞུང་དང་ཁྲོམ་ར། སྒོ་དབྱེ་དང་རང་བདག འཕེལ་རྒྱས་དང་བདེ་འཇགས། འཐབ་ཇུས་དང་འཐབ་རྩལ་བཅས“འབྲེལ་བ་ཆེན་པོ་ལྔའི”ནང་དོན་དང་ཁྱབ་ཚུལ་ལ་གོ་བ་གཏིང་ཟབ་ལེན་པ་དང་ཐག་གཅོད་ཡང་དག་བྱས་ནས་འཆར་འགོད་དེ་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་གང་ལེགས་བྱེད་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་པའི་དགོས་མཁོ་སྐོང་རྒྱུ་བཅས་འགན་ལེན་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་ཡག་པོ་བྱེད་དགོས། གཅིག་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློའི་ཚད་གཞི་དང་ཡང་ཡང་བསྡུར་དགོས། རང་ལྗོངས་ཀྱི་དུས་མཚམས་གསར་པའི་ཁྱད་ཆོས་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་པ། “དོན་ཆེན་བཞི”དང་། “འགན་ལེན་བཞི” “སྤྲད་པ་གསུམ་དང་། ཕན་པ་གཅིག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གཉིས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་གྱི་ཚད་གཞི་དང་ཡང་ཡང་བསྡུར་དགོས། “མཐའ་འཁྱོངས་ལྔའི”བླང་བྱ་དེ་འཆར་འགོད་སྒྲིག་བཟོའི་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་གི་མགོ་ནས་མཇུག་བར་ཁྱབ་པར་བྱེད་པ་དང་། “གསར་པ་དྲུག”གི་ཐད་ཤུགས་སྣོན་རྒྱག་པ་དང་ལས་དོན་སྤེལ་བ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་བཅས་བྱས་ནས་འཆར་འགོད་ཀྱི་མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་འགན་ལེན་བྱེད་དགོས། གསུམ་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོའི་ཚད་གཞི་དང་ཡང་ཡང་བསྡུར་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གཏན་འཁེལ་བའི་དམིགས་ཚད་དང་ལས་འགན་ལ་དམིགས་པ་དང་། དུས་བབ་ཀྱི་ལས་འགན་དང་འཕེལ་རྒྱས་ཀྱི་ཁོར་ཡུག་སྟངས་འཛིན་ཡང་དག་བྱེད་པ། འཕེལ་རྒྱས་ཀྱི་ལེགས་ཆ་དང་ཞན་ཆར་དོན་དངོས་དང་མཐུན་པའི་ངང་ཞིབ་ལྟ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ཁ་གསལ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བའི་འགན་ལེན་བྱེད་དགོས། བཞི་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱའི་ཚད་གཞི་དང་ཡང་ཡང་བསྡུར་དགོས། ཧྲུའུ་ཅི་ཝུའུ་དབྱིང་ཅེའི“ཚུགས་གནས་མཐོ་བ་དང་། ཇུས་འགོད་གཏིང་ཟབ་པ། འཆར་འགོད་རྒྱང་རིང་བ། དམིགས་ཚད་ཏན་ཏིག”བཅས་ཀྱི་མཛུབ་སྟོན་དགོངས་དོན་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ལས་ཀའི་བླང་བྱ་གཞིར་བཟུང་། ཇུས་འགོད་ཞིབ་ཚགས་དང་ཞིབ་འཇུག་ནན་ཏན་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་བའི་འགན་ལེན། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།