དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་དུ་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-06

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ལྟར། ཚེས་1ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་མཚོ་བོད་ལྕགས་ལམ་ཁུལ་ཆུང་དང་། ཤང་ཁྲུང་ཁུལ་ཆུང་། སྣེའུ་ཁུལ་གསར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་མི་འབོར་ཡོངས་བཤེར་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

    སྣེའུ་ཁུལ་གསར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དུ། ཀྲོང་ཡན་གྱིས་ལས་དོན་སྙན་ཞུ་གཟབ་ནན་ངང་གསན་ནས་ལྷ་ས་གྲོང་ཁྱེར་དང་སྣེའུ་ཁུལ་གསར་གྱི་ཡོངས་བཤེར་གྱི་དུས་འགོའི་གྲ་སྒྲིག་དང་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། དུད་ཚང་དུ་ཐོ་འགོད་བྱ་རྒྱུ་ནི་མི་འབོར་ཡོངས་བཤེར་གྱི་ལྷུ་ཚིགས་གལ་ཆེན་ཞིག་རེད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་ཀའི་འགན་འཁྲི་ནན་གཏོང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས། མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ནས་ཡོངས་བཤེར་ལས་དོན་གྱི་ཇུས་གཞི་གཞིར་བཟུང་དུད་ཚང་དུ་ཐོ་འགོད་བྱེད་པའི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས། རྒྱལ་ཡོངས་ཀྱིས་མི་འབོར་ཡོངས་བཤེར་ཐེངས་བདུན་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་འགག་རྩའི་དུས་སུ་སླེབས་ནས་སྤེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་བྱེད་ཐེངས་གལ་ཆེན་ཞིག་ཡིན་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་དང་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལས་དོན་དེ་ཞིབ་ཅིང་ཕྲ་བ་དང་དོན་དངོས་དང་མཐུན་པ་ཞིག་བསྒྲུབས་ཏེ་ཡོངས་བཤེར་གྱི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས། གྲངས་གཞིའི་སྤུས་ཚད་ཀྱི་མཐའ་ཚད་བརྟན་སྲུང་བྱས་ནས་གྲངས་གཞིའི་སྤུས་ཚད་ཨང་དང་པོ་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཡོངས་བཤེར་གྱི་གྲངས་གཞིའི་སྤུས་ཚད་ཁུངས་འདེད་དང་འགན་འཁྲི་རྩད་གཅོད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྫུན་ཞུ་དང་། གསང་ཞུ། འགྱངས་ཞུ། ཆད་ཞུ་བཅས་བྱེད་རིགས་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་ཡོངས་བཤེར་གྱི་གྲངས་གཞི་བདེན་པ་དང་འཕྱུགས་པ་མེད་པའི་འགན་ལེན་བྱེད་དགོས། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་ལས་སྟེགས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱེད་པ། མི་འབོར་ཡོངས་བཤེར་གྱི་དམིགས་ཡུལ་དང་། དོན་སྙིང་། ནུས་པ་བཅས་དང་དེ་བཞིན་ཡོངས་བཤེར་བྱ་ཡུལ་གྱི་འགན་འཁྲི་དང་འོས་འགན་དྲིལ་བསྒྲགས་དང་གསལ་འགྲེལ་གཏིང་ཟབ་བྱས་ཏེ་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་ཚང་མའི་རྒྱབ་སྐྱོར་ཐོབ་པ་བྱེད་དགོས། ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་གྱིས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་དཔྱད་བསྡུར་དང་ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་བཙུགས་ཏེ་ཡོངས་བཤེར་གྱི་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱས་ནས་མི་འབོར་ཡོངས་བཤེར་ལས་དོན་གྱི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།