དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-04

    (2004ལོའི་ཟླ་དང་པོའི་ཚེས་14ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2004ལོའི་ཟླ་6ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་བཟོ་བཅོས་ཐེངས་དང་པོ་བརྒྱབ། 2013ལོའི་ཟླ་7ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཟོ་བཅོས་ཐེངས་གཉིས་པ་བརྒྱབ། 2020ལོའི་ཟླ་6ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་དག་བཅོས་བྱས)

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    [2020]ཡིག་ཨང་5པ།

    《བོད་རང་སྐྱོང་ལྗོངས་ཀྱི་ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག》2020ལོའི་ཟླ་6ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་དག་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན། 

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས། 

    2020ལོའི་ཟླ་6ཚེས་10ལ། 

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། ཨར་སྐྲུན་བྱེད་སྒོའི་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་པ་དང་། ཨར་སྐྲུན་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཟོ་བ། ཨར་སྐྲུན་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་འགན་སྲུང་བྱེད་པ། ཨར་སྐྲུན་བྱེད་སྒོའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཨར་སྐྲུན་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨར་སྐྲུན་བཅའ་ཁྲིམས》དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཨར་སྐྲུན་གྱི་བྱེད་སྒོ་སྤེལ་བ་དང་། ཨར་སྐྲུན་ཁྲོམ་རར་ལྟ་སྡོམ་བྱེད་སྐབས་ངེས་པར་དུ་སྲོལ་ཡིག་འདིར་བརྩི་སྲུང་ཞུ་དགོས། སྲོལ་ཡིག་འདིའི་ནང་བརྗོད་པའི་ཨར་སྐྲུན་བྱེད་སྒོ་ཞེས་པ་དེ་ནི་ཁང་པའི་ཨར་སྐྲུན་དང་། གྲོང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་དང་དེའི་ཞོར་གཏོགས་སྒྲིག་བཀོད། དེ་དང་ལེ་ལག་ཚང་སྒྲིག་གི་སྐུད་ལམ་དང་། མདོང་ལམ། སྒྲིག་ཆས་སྒྲིག་སྦྱོར། མཛེས་བཟོ་ཀོན་འདོན་བཅས་ཀྱི་ལས་གྲྭར་རྩད་ཞིབ་དང་། ཇུས་འགོད། ཨར་ལས། ལྟ་ཞིབ་དོ་དམ། འོས་སྐུལ་ཚབ་གཉེར། མ་གནས་བློ་འདྲི། ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་སོགས་ཀྱི་བྱེད་སྒོར་ཟེར་བ་ཡིན། 

    དོན་ཚན་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་ཨར་སྐྲུན་ཁྲོམ་རའི་བྱེད་སྒོར་ལྟ་སྡོམ་བྱེད་པའི་ལས་ཀའི་འགན་འཁུར་རྒྱུ་དང་། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ཨར་སྐྲུན་ཁྲོམ་རའི་བྱེད་སྒོར་ལྟ་སྡོམ་བྱེད་པའི་ལས་ཀའི་འགན་འཁུར་རྒྱུ། 

    དོན་ཚན་བཞི་པ། མི་རིགས་ཀྱི་ཁྱད་ཆོས་དང་། ས་གནས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་ལྡན་པའི་ཨར་སྐྲུན་ཇུས་འགོད་དང་ཚན་ཞིབ་བྱེད་སྒོ་སྤེལ་རྒྱུར་སྐུལ་ལྕག་དང་རོགས་སྐྱོར་བྱེད་རྒྱུ་དང་། སྔོན་ཐོན་ལག་རྩལ་དང་། སྔོན་ཐོན་བཟོ་རྩལ། སྔོན་ཐོན་སྒྲིག་ཆས། དེ་བཞིན་ཨར་སྐྲུན་རྒྱུ་ཆ་གསར་པ་དང་དེང་རབས་ཀྱི་དོ་དམ་བྱེད་སྟངས་བཅས་གསར་སྤེལ་དང་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱས་ནས་གྲངས་ཉུང་མི་རིགས་ཀྱི་ལས་གྲྭའི་ལག་རྩལ་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱས་ཏེ་རང་ལྗོངས་ཀྱི་ཨར་སྐྲུན་དངོས་པོའི་ཇུས་འགོད་དང་བཟོ་སྐྲུན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ལྷུ་སྒྲིག་རྣམ་པའི་ཨར་སྐྲུན་གོང་འཕེལ་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་ཆ་རྐྱེན་ཡོད་པའི་ས་ཁུལ་དང་། མཐའ་མཚམས་ས་ཁུལ། དེ་བཞིན་ས་གཤིས་གནོད་འཚེ་ཐོན་མང་བའི་ས་ཁུལ་བཅས་སུ་ལྷུ་སྒྲིག་གྲུབ་ཆའི་བཟོ་སྐྲུན་བྱེད་སྟངས་སྔོན་ལ་ཁྱབ་གདལ་དང་བེད་སྤྱོད་བྱེད་རྒྱུ།

    དོན་ཚན་ལྔ་པ། ཨར་སྐྲུན་ཁྲོམ་རའི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་ཡིད་རྟོན་དྲང་གཞག་དང་། རིམ་ལྡན་འགྲན་རྩོད། ཁྲིམས་མཐུན་སྒྲིག་མཐུན་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་ཨར་སྐྲུན་ཁྲོམ་ར་བཀག་སྡོམ་དང་སྒེར་སྡོམ་བྱེད་རིགས་བཀག་འགོག་བྱེད་དགོས། ཨར་སྐྲུན་ཁྲོམ་རར་དོ་དམ་བྱེད་སྐབས་ངེས་པར་དུ་གཅིག་གྱུར་དང་། ཡོངས་བསྒྲཌ། དྲང་གཞག དྲང་སྙོམས་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། 

    དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཡིད་རྟོན་རུང་བར་སྐུལ་ལྕག་དང་ཡིད་རྟོན་ཤོར་བར་བསླབ་འདོམས་བྱེད་པའི་ནུས་ལྡན་ལམ་སྲོལ་བཙུགས་ཏེ་ཁྲོམ་རའི་བྱེད་པོའི་ཡིད་རྟོན་དཔྱད་གདེང་མ་ལག་བཟོས་ནས། རང་སྐྱོང་ལྗོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་དང་རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་རྒྱུད་ཁོངས་མཉམ་སྦྲེལ་མཉམ་མཐུད་ཡོང་བ་བྱེད་དགོས།

    ལེའུ་གཉིས་པ། ལས་གཉེར་ཐོབ་ཐང་དང་ཨར་ལས་ཆོག་འཐུས།

    དོན་ཚན་བདུན་པ། ཨར་སྐྲུན་བྱེད་སྒོའི་རྩད་ཞིབ་དང་། ཇུས་འགོད། ཨར་ལས། ལྟ་ཞིབ་དོ་དམ། ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན། མ་གནས་བློ་འདྲི་སོགས་བྱེད་མཁན་ཚན་པར་ངེས་པར་དུ་ཁྲིམས་བཞིན་འོས་ཐོབ་ལག་ཁྱེར་རག་དགོས་པ་མ་ཟད། དེའི་འོས་ཐོབ་ཆོག་འཐུས་ཀྱི་ཁྱབ་ཁོངས་ནང་ཨར་སྐྲུན་བྱེད་སྒོ་སྤེལ་དགོས། ཁེ་ལས་གང་ཞིག་གམ་ཡང་ན་མི་སུ་འདྲ་ཞིག་ཡིན་རུང་འོས་ཐོབ་ལག་ཁྱེར་སུབ་བཅོས་བྱེད་པ་དང་། བར་འཚོང་རྒྱག་པ། བོགས་མར་གཏོང་བ། གཡར་པོ་གཏོང་བ་བཅས་བྱེད་མི་ཆོག་པའམ་ཡང་ན་བྱ་ཐབས་གཞན་དག་སྤྱད་དེ་ཁྲིམས་མིན་གྱིས་འོས་ཐོབ་ལག་ཁྱེར་འཚོང་བཤུག་གཏོང་རིགས་བྱེད་མི་ཆོག་ལ། འོས་ཐོབ་ཀྱི་ཁྱབ་ཁོངས་ལས་བརྒལ་ཏེ་ཨར་སྐྲུན་བྱེད་སྒོ་སྤེལ་མི་ཆོག 

    དོན་ཚན་བརྒྱད་པ། ཨར་སྐྲུན་བྱེད་སྒོ་སྤེལ་མཁན་གྱི་ཆེད་ལས་ལག་རྩལ་པས་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་དེ་མཚུངས་ཀྱི་ལས་གཉེར་འོས་ཐོབ་ལག་ཁྱེར་རག་དགོས་པ་མ་ཟད། དེའི་ལས་གཉེར་འོས་ཐོབ་ལག་ཁྱེར་གྱི་ཆོག་འཐུས་ཁྱབ་ཁོངས་ནང་ཨར་སྐྲུན་བྱེད་སྒོ་སྤེལ་དགོས། 

    དོན་ཚན་དགུ་པ། ལྗོངས་ཕྱིའི་རྩད་ཞིབ་དང་། ཇུས་འགོད། ཨར་ལས། ལྟ་ཞིབ་དོ་དམ། འོས་སྐུལ་ཚབ་གཉེར། ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན། མ་གནས་བློ་འདྲི་སོགས་བྱེད་མཁན་ཚན་པས་རང་ལྗོངས་སུ་ཨར་སྐྲུན་བྱེད་སྒོ་མ་སྤེལ་གོང་། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ལ་ཁེ་ལས་ཀྱི་གཞི་རྩའི་ཆ་འཕྲིན་གོང་འབུལ་ཞུ་དགོས། སྲིད་གཞུང་མ་འཇོག་རྣམ་གྲངས་ཀྱི་འཛུགས་སྐྲུན་ཚན་པས་ངེས་པར་དུ་གཞི་རྩའི་ཆ་འཕྲིན་གོང་འབུལ་ཞུས་ཟིན་པའི་ཁེ་ལས་བདམས་ནས་ཨར་སྐྲུན་བྱེད་སྒོ་སྤེལ་དགོས། 

    དོན་ཚན་བཅུ་པ། ལས་གྲྭར་སྒོར་ཁྲི་50ཡན་མ་འཇོག་བྱས་པའམ་ཡང་ན་ཨར་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་མ་ལྔ་བརྒྱ་ཡན་ཟིན་པའི་རིགས་ཀྱི་ཁང་པའི་ཨར་སྐྲུན་དང་དེའི་ཞོར་གཏོགས་སྒྲིག་བཀོད་བཟོ་སྐྲུན་བྱེད་པ་དང་། མཛེས་བཟོ་ཀོན་འདོན། དེ་དང་ལེ་ལག་ཚང་སྒྲིག་གི་སྐུད་ལམ་དང་། མདོང་ལམ། སྒྲིག་ཆས་བཅས་སྒྲིག་སྦྱོར་བྱེད་པ། དེ་བཞིན་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་ཨར་སྐྲུན་བྱེད་པ་བཅས་ཀྱི་སྐབས་སུ། འཛུགས་སྐྲུན་ཚན་པས་ལས་འགོ་མ་ཚུགས་གོང་། ངེས་པར་དུ་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ལས་གྲྭ་སྤེལ་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ལ་ཨར་ལས་ཀྱི་འཁྲོལ་འཛིན་རེ་ཞུ་བྱེད་དགོས། ཨར་ལས་ཀྱི་འཁྲོལ་འཛིན་བླངས་མེད་ཚེ་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱེད་མི་ཆོག རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་དབང་ཚད་དང་ལས་རིམ་གཞིར་བཟུང་ལས་འགོ་འཛུགས་རྒྱུའི་སྙན་ཞུར་ཆོག་མཆན་ཐོབ་པའི་ཨར་སྐྲུན་ལས་གྲྭའི་རིགས་ལ་བསྐྱར་དུ་ཨར་ལས་ཀྱི་འཁྲོལ་འཛིན་ལེན་མི་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་ཏེ་ཨར་ལས་ཀྱི་འཁྲོལ་འཛིན་གཉེར་སྒྲུབ་ཆ་རྐྱེན་གཞན་དག་རིགས་མང་དུ་གཏོང་མི་ཆོག

    དོན་ཚན་བཅུ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རེ་ཞུ་འབྱོར་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས་བདུན་གྱི་ནང་ཚུན་དུ་ཆ་རྐྱེན་འཛོམས་པར་ཨར་ལས་ཀྱི་འཁྲོལ་འཛིན་སྤྲོད་དགོས་པ་དང་། ཆ་རྐྱེན་འཛོམས་མེད་ཚེ་ངེས་པར་དུ་ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་རྒྱག་དགོས།

    ལེའུ་གསུམ་པ། ཨར་སྐྲུན་ལས་གྲྭ་འགན་གཙང་སྤྲོད་ལེན།

    དོན་ཚན་བཅུ་གཉིས་པ། འཛུགས་སྐྲུན་ཚན་པས་ཨར་སྐྲུན་ལས་གྲྭ་འགན་གཙང་སྤྲོད་སྐབས། ཚན་པ་གཅིག་ལ་ཨར་སྐྲུན་ལས་གྲྭའི་རྣམ་གྲངས་འགན་གཙང་ཡོངས་སུ་སྤྲད་ན་འགྲིག་ལ། ཁྲིམས་བཞིན་ཨར་སྐྲུན་ལས་གྲྭའི་རྩད་ཞིབ་དང་། ཇུས་འགོད། ཨར་ལས། སྒྲིག་ཆས་ཉོ་སྒྲུབ་བཅས་བྱེད་རྒྱུ་ཁག་སོ་སོར་འགན་གཙང་སྤྲད་ནའང་འགྲིག རང་སྐྱོང་ལྗོངས་ཀྱིས་ལས་གྲྭའི་སྤྱིའི་འགན་གཙང་སྤྲོད་པའི་ལམ་ལུགས་ཁྱབ་སྤེལ་གཏོང་རྒྱུ། སྲིད་གཞུང་གི་མ་འཇོག་རྣམ་གྲངས་རིགས་ངེས་པར་དུ་ལས་གྲྭའི་སྤྱིའི་འགན་གཙང་སྤྲོད་རྒྱུ་ཁྱབ་སྤེལ་བཏང་ནས་ལྷུ་སྒྲིག་རྣམ་པའི་ཨར་སྐྲུན་རིགས་རྩ་དོན་ཐོག་ལས་གྲྭའི་སྤྱིའི་འགན་གཙང་སྤྲོད་པའི་བྱེད་ཐབས་སྤྱོད་དགོས་པ་དང་། སྤྱི་ཚོགས་ཀྱི་མ་འཇོག་རྣམ་གྲངས་རིགས་ལས་གྲྭའི་སྤྱིའི་འགན་གཙང་སྤྲོད་པའི་བྱེད་ཐབས་སྤྱོད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། 

    དོན་ཚན་བཅུ་གསུམ་པ། ཨར་སྐྲུན་ལས་གྲྭའི་རིགས་ལ་ཁྲིམས་བཞིན་འོས་སྐུལ་གྱིས་འགན་གཙང་སྤྲོད་རྒྱུ་དང་། ཁྲིམས་བཅད་ཀྱི་འོས་སྐུལ་བྱེད་ཁོངས་ནང་མི་གཏོགས་པའི་རིགས། ཐད་ཀར་འགན་གཙང་སྤྲད་ཆོག 

    དོན་ཚན་བཅུ་བཞི་པ། ཁྲིམས་བཞིན་འོས་སྐུལ་གྱིས་འགན་གཙང་སྤྲོད་དགོས་ངེས་ཀྱི་རྣམ་གྲངས་རིགས་ལ་ངེས་པར་དུ་ཡོངས་བསྒྲགས་ཐོག་འོས་སྐུལ་བྱེད་པའམ་ཡང་ན་གདན་ཞུས་འོས་སྐུལ་བྱེད་དགོས།ཚང་མ་གཞུང་ཁོངས་ཀྱི་མ་དངུལ་སྤྱད་དེ་མ་འཇོག་བྱས་པའམ་ཡང་ན་གཞུང་ཁོངས་མ་དངུལ་གྱིས་མ་རྐང་བཏང་འཛིན་བྱས་པ། ཡང་ན་གཙོ་ཁྲིད་ཀྱི་གནས་བབ་བཟུང་ཞིང་ཁྲིམས་ལྟར་ངེས་པར་དུ་འོས་སྐུལ་རྒྱག་དགོས་པའི་ཁང་པའི་ཨར་སྐྲུན་ལས་གྲྭ་དང་། གྲོང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭ། དེ་བཞིན་མཛེས་བཟོ་ཀོན་འདོན་ལས་གྲྭ་བཅས་ཀྱི་རྣམ་གྲངས་རིགས། ངེས་པར་དུ་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་སུ་ཁྲིམས་བཞིན་ཡོངས་བསྒྲགས་ཐོག་འོས་སྐུལ་རྒྱག་དགོས། ཡིན་ཡང་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་ཚེ། ཁྲིམས་བཞིན་གདན་ཞུས་འོས་སྐུལ་བརྒྱབ་ཆོག་པ་སྟེ། 

    (གཅིག)ལག་རྩལ་རྙོག་འཛིང་ཆེ་བ་དང་དམིགས་བསལ་གྱི་བླང་བྱ་ཡོད་པའམ་ཡང་ན་རང་བྱུང་ཁོར་ཡུག་གིས་ཚད་བཀག་ཐེབས་ནས་མངོན་མེད་ཀྱི་འོས་སྐུལ་རྒྱག་མི་གདམ་ག་བྱེད་རྒྱུ་ཉུང་ཤས་ལས་མེད་པའི་རིགས། 

    (གཉིས)ཡོངས་བསྒྲགས་ཐོག་འོས་སྐུལ་བྱེད་ཐབས་སྤྱད་པའི་འགྲོ་གྲོན་དེ་རྣམ་གྲངས་ཀྱི་གན་རྒྱའི་མ་དངུལ་གྱི་བསྡུར་ཚད་ལས་མང་བ་བཟུང་བའི་རིགས་སོ། 

    དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཨར་སྐྲུན་ལས་གྲྭའི་རྣམ་གྲངས་གློག་རྡུལ་ཐོག་ནས་འོས་སྐུལ་འོས་དཔོད་བྱེད་རྒྱུ་ཁྱབ་སྤེལ་གཏོང་རྒྱུ་དང་། འོས་སྐུལ་འོས་དཔོད་ཀྱི་ཉོ་ཚོང་རིགས་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་དུ་འགྱུར་བ་བྱས་ཏེ་འོས་སྐུལ་འོས་དཔོད་ཀྱི་བྱེད་སྒོའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་རྒྱུ། འོས་སྐུལ་རྒྱག་མཁན་སོ་སོས་འོས་སྐུལ་ཡིག་ཆ་བཟོ་སྒྲིག་དང་འོས་སྐུལ་ཞིབ་དཔྱད་སྒྲིག་འཛུཌ་བྱེད་ནུས་མེད་ཚེ། ངེས་པར་དུ་འོས་སྐུལ་ཚབ་གཉེར་ལས་ཁུངས་ལ་འོས་སྐུལ་ཚབ་གཉེར་བྱེད་རྒྱུའི་མངཌ་བཅོལ་བྱེད་དགོས། 

    དོན་ཚན་བཅུ་དྲུག་པ། ཨར་སྐྲུན་ལས་གྲྭའི་རྣམ་གྲངས་ལ་རྣམ་གྲངས་ཀྱི་ཁྲིམས་ཚན་གྱི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་རྒྱུ་དང་། ལས་གྲྭའི་འཛུགས་སྐྲུན་ཚན་པས་རྣམ་གྲངས་ཀྱི་ཞིབ་མཆན་སྤྲོད་མཁན་སྡེ་ཚན་ལ་འབྲེལ་ཡོད་འོས་སྐུལ་གྱི་ཁྱབ་ཁོངས་དང་། འོས་སྐུལ་བྱེད་ཐབས། དེ་བཞིན་འོས་སྐུལ་སྒྲིག་འཛུགས་བྱེད་ལམ་སོགས་ཀྱི་ནང་དོན་གོང་འབུལ་ཞུ་སྐབས་ངེས་པར་དུ་རྣམ་གྲངས་ཀྱི་ཁྲིམས་ཚན་གཏན་འཁེལ་བྱེད་དགོས།  

    དོན་ཚན་བཅུ་བདུན་པ། ཁྲིམས་བཞིན་ངེས་པར་དུ་འོས་སྐུལ་རྒྱག་པའི་ཨར་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་འོས་སྐུལ་སྤྱི་བསྒྲགས་སྤེལ་སྐབས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གོང་འཕེལ་བསྒྱུར་བཅོས་སྡེ་ཚན་གྱིས་ཁྲིམས་བཞིན་དམིགས་འཛུགས་བྱས་པའི་ཚགས་དེབ་དང་། ཆ་འཕྲིན་དྲ་རྒྱ། དེ་བཞིན་འབྲེལ་ཡོད་གནས་ཡུལ་བཅས་བརྒྱུད་དེ་འགྲེམས་བསྒྲགས་བྱེད་དགོས་པ་མ་ཟད། དུས་མཚུངས་སུ་ཀྲུང་གོའི་ལས་གྲྭ་འཛུགས་སྐྲུན་དང་ཨར་སྐྲུན་ལས་རིགས་ཀྱི་ཆ་འཕྲིན་དྲ་རྒྱའི་ཐོག་འགྲེམས་བསྒྲགས་བྱེད་དགོས། གདན་ཞུས་འོས་སྐུལ་བྱས་པའི་ཨར་སྐྲུན་ལས་གྲྭའི་རྣམ་གྲངས་རིགས་ལ། འོས་སྐུལ་རྒྱག་མིས་ངེས་པར་དུ་འོས་སྐུལ་རྣམ་གྲངས་འགན་གཙང་ལེན་ནུས་ལྡན་པ་དང་འོས་ཐོབ་ཡིད་རྟོན་འཕེར་བའི་དམིགས་འཛུགས་ཀྱི་ཁྲིམས་ཚན་གསུམ་ཡན་ནམ་ཡང་ན་རྩ་འཛུགས་གཞན་དག་ལ་འོས་སྐུལ་གྱི་གདན་ཞུས་ཡི་གེ་སྤྲིངས་དགོས། 

    དོན་ཚན་བཅོ་བརྒྱད་པ། ཁྲིམས་བཞིན་ཨར་ལས་ཀྱི་འོས་སྐུལ་རྒྱག་དགོས་ངེས་ཀྱི་ཨར་སྐྲུན་ལས་གྲྭའི་རྣམ་གྲངས་རིགས་ལ། འོས་སྐུལ་རྒྱག་མིས་ངེས་པར་དུ་འོས་སྐུལ་ཡིག་ཆ་སྤྲིངས་པ་དང་ཆབས་ཅིག འོས་སྐུལ་ཡིག་ཆ་དེ་ལས་གྲྭ་གཉེར་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ལ་སྙན་ཐོ་འགོད་དགོས། ཡིན་ཡང་གློག་རྡུལ་གྱི་འོས་སྐུལ་འོས་དཔོད་རྒྱག་པའི་རྣམ་གྲངས་ལག་བསྟར་བྱེད་རྒྱུ་ཚུད་མེད། 

    དོན་ཚན་བཅུ་དགུ་པ། འཛུགས་སྐྲུན་ཚན་པ་དང་འགན་གཙང་ལེན་མཁན་ཚན་པས་ངེས་པར་དུ་ཡིག་ཐོག་གི་གན་རྒྱ་བཞག་ནས་ཕྱོགས་གཉིས་པོའི་ཁེ་དབང་དང་། འོས་འགན། འགན་འཁྲི་བཅས་ཁ་གསལ་བཟོ་དགོས་པ་དང་། ཁྲིམས་འགལ་གྱིས་འགན་གཙང་སྤྲོད་པ་དང་། ལག་བརྒྱུད་འགན་གཙང་སྤྲོད་པ། དེ་བཞིན་ཁྲིམས་འགལ་གྱིས་ཁག་བགོས་འགན་གཙང་སྤྲོད་པ་དང་བརྟེན་སྦྱར་བྱེད་པ་བཅས་ཀྱི་རིགས་བཀག་འགོག་བྱས་ནས་ལས་གྲྭའི་སྤུས་ཚད་དང་ཨར་ལས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། ཁྲིམས་འགལ་གྱིས་འགན་གཙང་སྤྲོད་པ་དང་། ལག་བརྒྱུད་འགན་གཙང་སྤྲོད་པ། དེ་བཞིན་ཁྲིམས་འགལ་གྱིས་ཁག་བགོས་འགན་གཙང་སྤྲོད་པ་དང་བརྟེན་སྦྱར་བྱེད་པ་སོགས་ཁྲིམས་འགལ་བྱེད་སྤྱོད་དེ་དག་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ངོས་འཛིན་གཏན་འཁེལ་བྱེད་རྒྱུ། 

    དོན་ཚན་ཉི་ཤུ་པ། ཨར་སྐྲུན་ལས་གྲྭའི་འོས་སྐུལ་རྒྱག་མི་དང་འོས་དཔོད་བྱེད་མིས་ངེས་པར་དུ་འོས་ཐོན་བྱུང་བའི་བརྡ་ཐོ་འབྱོར་ཉིན་ནས་བཟུང་གི་ཉིན་སུམ་ཅུའི་ནང་ཚུན་དུ་འོས་སྐུལ་ཡིག་ཆ་དང་འོས་ཐོན་བྱུང་མིའི་འོས་སྐུལ་ཡིག་ཆ་གཞིར་བཟུང་གན་རྒྱའི་ཡིག་ཆའི་མ་དཔེ་དཔྱད་གཞིར་བཟུང་ནས་ཡིག་ཐོག་གི་གན་རྒྱ་འཇོག་དགོས། 

    དོན་ཚན་ཉེར་གཅིག་པ། སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་མཁོ་བའི་མ་དངུལ་རིགས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དོན་འཁྱོལ་གནད་སྨིན་བྱེད་དགོས་པ་ལས། ཨར་ལས་ཚན་པས་མ་རྩ་སྔ་འདོན་གྱིས་འཛུགས་སྐྲུན་བྱེད་མི་ཆོག འཛུགས་སྐྲུན་ཚན་པས་ངེས་པར་དུ་གན་རྒྱའི་ནང་ཁ་ཆད་བྱས་པ་གཞིར་བཟུང་དུས་ཐོག་ཏུ་ལས་གྲྭའི་མ་དངུལ་གཏོང་སྤྲོད་བྱེད་དགོས་པ་ལས། རྩིས་བཤེར་དང་ནོར་དོན་གྱི་དཔྱད་གདེང་བྱས་ཚར་མེད་པ་དེ་ལས་གྲྭའི་མ་དངུལ་འགྱངས་སྤྲོད་དང་། ཆད་འགྱངས། དེ་བཞིན་མི་སྤྲོད་པ་བཅས་བྱེད་པའི་རྒྱུ་མཚན་ལ་བརྩི་མི་ཆོག 

    དོན་ཚན་ཉེར་གཉིས་པ། ཨར་སྐྲུན་ལས་གྲྭའི་ཁྱབ་ཁོངས་ནང་ངེས་པར་དུ་ངལ་རྩོལ་ལས་མི་གླ་སྐུལ་བྱེད་པར་རང་མིང་འགོད་ལམ་གྱི་དོ་དམ་ལམ་ལུགས་འཛུགས་དགོས། ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་མཁན་ཚན་པ་དང་ཆེད་ལས་འགན་གཙང་ལེན་མཁན་ཚན་པའམ་ཡང་ན་ངལ་ལས་ཁག་བགོས་འགན་གཙང་ལེན་མཁན་ཚན་པ་བཅས་ཀྱིས་ངེས་པར་དུ་ལས་མི་དང་ངལ་རྩོལ་གྱི་གན་རྒྱ་བཞག་ནས་དེར་གཞི་རྩའི་བདེ་འཇགས་ཀྱི་སྦྱོང་བརྡར་སྤྲོས་དགོས་པ་མ་ཟད། ལས་མིའི་མིང་བབ་ཀྱི་ཆ་འཕྲིན་དང་། དེ་བཞིན་ངལ་རྩོལ་གན་རྒྱ་འཇོག་པ་དང་། གླ་ཕོགས་དུས་རྩིས་རྒྱག་པ། གླ་ཕོགས་གཏོང་སྤྲོད་བྱེད་པ་སོགས་ཀྱི་ཆ་འཕྲིན་ལ་རང་མིང་འགོད་ལམ་སྤྱད་དེ་ཐོ་འགོད་དོ་དམ་བྱེད་དགོས། ངལ་རྩོལ་གྱི་གན་རྒྱ་བཞག་མེད་ཁར། ལས་མིའི་རང་མིང་འགོད་ལམ་སྤྱད་དེ་ཐོ་འགོད་མ་བྱས་པའི་མི་སྣའི་རིགས་ཨར་ལས་བྱ་ཡུལ་དུ་འཛུལ་ཞུགས་བྱེད་མི་ཆོག 

    དོན་ཚན་ཉེར་གསུམ་པ། ངལ་རྩོལ་བྱས་རྗེས་ལས་མིར་ཁྲིམས་བཞིན་གླ་ཕོགས་ཐོབ་ཆ་དུས་ཐོག་དང་གྲངས་ཚང་ངང་ལེན་དབང་ཡོད་ཅིང་། ཚན་པ་དང་རྩ་འཛུགས་གང་ཞིག་གམ་ཡང་ན་མི་སུ་འདྲ་ཞིག་གིས་ཀྱང་རྒྱུ་མཚན་མེད་པར་གླ་ཕོགས་ཆད་འགྱངས་དང་འཕྲི་འཐེན་བྱེད་མི་ཆོག ལས་མི་བཀོལ་སྤྱོད་བྱེད་མཁན་ཚན་པའམ་ཡང་ན་ངལ་ལས་མངགས་གཏོང་བྱེད་མཁན་ཚན་པས་ངེས་པར་དུ་གླ་ཕོགས་གཏོང་སྤྲོད་ཀྱི་འགན་སྲུང་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པ་དང་། ལས་མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ངེས་པར་དུ་གླ་ཕོགས་གཏོང་སྤྲོད་ཀྱི་དུས་འཁོར་གཞིར་བཟུང་ཇི་མ་ཇི་བཞིན་ཡིག་ཐོག་གི་གླ་ཕོགས་གཏོང་སྤྲོད་བྱེད་པའི་རྩིས་ཁྲ་བཟོ་འགོད་བྱེད་དགོས་པ་མ་ཟད་ཉུང་མཐར་ཡང་ལོ་གསུམ་ཉར་ཚགས་བྱེད་དགོས། 

    དོན་ཚན་ཉེར་བཞི་པ། འཛུགས་སྐྲུན་ཚན་པས་ངེས་པར་དུ་འོས་སྐུལ་ཡིག་ཆ་དང་ལས་གྲྭའི་ཨར་ལས་གན་རྒྱའི་ནང་རང་མིང་འགོད་ལམ་གྱི་དོ་དམ་བྱེད་པའི་བླང་བྱ་ཁ་གསལ་བཟོ་དགོས་པ་དང་། རང་མིང་འགོད་ལམ་གྱི་དོ་དམ་བྱེད་རྒྱུར་མཁོ་བའི་འགྲོ་གྲོན་རྣམས་ལས་གྲྭའི་བདེ་འཇགས་དང་ཤེས་དཔལ་ལྡན་པའི་བྱ་ཐབས་ཀྱི་གྲོན་དངུལ་དང་དོ་དམ་གྱི་གྲོན་དངུལ་ཁོངས་སུ་འཇུག་དགོས། འཛུགས་སྐྲུན་ཚན་པས་ངེས་པར་དུ་ཨར་ལས་ཚན་པར་ལས་གྲྭའི་མ་དངུལ་གཏོང་སྤྲོད་ཐུབ་པའི་ཁག་ཐེག་བྱེད་དགོས་པ་མ་ཟད། གན་རྒྱའི་ནང་ཁ་ཆད་བྱས་པ་གཞིར་བཟུང་དུས་ཐོག་ཏུ་ལས་གྲྭ་སྒྲུབ་ཚད་ཀྱི་མ་དངུལ་གཏོང་སྤྲོད་བྱས་ནས། མིའི་ལས་གྲངས་གྲོན་དངུལ་དེ་དུས་ཐོག་དང་གྲངས་ཚང་གཏོང་སྤྲོད་ཀྱིས་ལས་མིའི་གླ་ཕོགས་ཀྱི་ཆེད་བཙུགས་རྩིས་ཁྲའི་ནང་འཇུག་དགོས་པ་དང་། ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་མཁན་ཚན་པས་ལས་མིའི་གླ་ཕོགས་དུས་ཐོག་གྲངས་ཚང་ངང་གཏོང་སྤྲོད་བྱེད་མིན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་མཁན་ཚན་པས་རང་མིང་འགོད་ལམ་གྱི་དོ་དམ་བྱེད་པའི་སྤྱི་འགན་འཁུར་དགོས་ཤིང་། ལས་མིའི་གླ་ཕོགས་ཀྱི་ཆེད་བཙུགས་རྩིས་ཁྲ་དང་ལས་གྲྭ་སྒྲུབ་ཚད་ཀྱི་མ་དངུལ་ཆེད་བཙུགས་རྩིས་ཁྲ་དུས་ཐོག་ཏུ་བཟོ་དགོས། ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་མཁན་ཚན་པས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གླ་ཕོགས་ཀྱི་འབའ་དངུལ་གསོག་འཇོག་བྱས་ནས་དེ་འགན་གཙང་བླངས་པའི་ལས་གྲྭའི་ངལ་རྩོལ་བྱེད་མཁན་ལ་ཆད་འགྱངས་བྱས་པའི་གླ་ཕོགས་གཏོང་སྤྲོད་བྱེད་རྒྱུར་དམིགས་སུ་སྤྱོད་དགོས། གླ་ཕོགས་ཀྱི་འབའ་དངུལ་དེ་དངུལ་རྩའི་ལས་ཁུངས་ཀྱི་འགན་ལེན་ཡི་གེས་ཚབ་བྱས་ན་འགྲིག འཛུགས་སྐྲུན་ཚན་པ་དང་ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་མཁན་ཚན་པས་ངེས་པར་དུ་ལས་གྲྭའི་ཨར་ལས་ཀྱི་གན་རྒྱ་ཉར་ཚགས་བྱས་ནས་ཞིབ་བཤེར་བྱེད་རྒྱུར་གྲ་སྒྲིག་བྱེད་དགོས། ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་མཁན་ཚན་པས་ངེས་པར་དུ་ལས་མིའི་གླ་ཕོཌ་ཀྱི་ཆེད་བཙུཌ་རྩིས་ཁྲ་བཟོ་བ་དང་བེད་སྤྱོད་བྱས་ཏེ་འབྲེལ་ཡོད་དཔྱད་ཡིག་ཉར་ཚགས་བྱས་ནས་ཞིབ་བཤེར་བྱེད་རྒྱུར་གྲ་སྒྲིག་བྱེད་དགོས། 

    དོན་ཚན་ཉེར་ལྔ་པ། རང་སྐྱོང་ལྗོངས་ཀྱིས་ཁང་པའི་ཨར་སྐྲུན་དང་གྲོང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གྲྭ་ཁྱབ་སྤེལ་གཏོང་རྒྱུར་ལས་གྲྭའི་ཁག་ཐེག་ལམ་ལུགས་ལག་བསྟར་བྱེད་རྒྱུ། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་བཟོ་འཛུགས་བྱས་པའི་འོས་དཔོད་འབའ་དངུལ་དང་། ཁ་ཆད་ལག་བསྟར་འབའ་དངུལ། ལས་གྲྭའི་སྤུས་ཚད་ཀྱི་འབའ་དངུལ། ཞིང་པ་ལས་མིའི་གླ་ཕོགས་ཀྱི་འབའ་དངུལ་བཅས་ཕུད་འབའ་དངུལ་གཞན་དག་ཚང་མ་མེད་པ་བཟོ་རྒྱུ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་དང་། ལས་གྲྭའི་ཁག་ཐེག་ཀུང་སི། འགན་བཅོལ་ལས་ཁུངས་བཅས་ལས་གྲྭའི་ཁག་ཐེག་བྱེད་མཁན་གྱི་འགན་ལེན་པར་བརྩིས་ནས་ལས་གྲྭའི་ཁག་ཐེག་ལས་སྒོ་སྤེལ་རྒྱུ། ཚན་པ་དང་སྡེ་ཚན་གང་ཞིག་གིས་དངུལ་སྨར་འབའ་དངུལ་གཞན་སྤྱོད་བྱེད་རིགས་བཀག་འགོག་བྱེད་རྒྱུ་དང་། འབའ་དངུལ་གྱི་དུས་ཚོད་ཐིམ་རྗེས་ངེས་པར་དུ་ཁྲིམས་བཞིན་དུས་ཐོག་ཏུ་ཕྱིར་སློག་བྱེད་དགོས།

    ལེའུ་བཞི་པ། ལས་གྲྭའི་མཚམས་སྦྱོར་ཞབས་ཞུ།

    དོན་ཚན་ཉེར་དྲུག་པ། ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་གནས་བློ་འདྲི་དང་། ལྟ་ཞིབ་དོ་དམ། ལས་གྲྭའི་སྤུས་ཚད་ཀྱི་ཞིབ་དཔྱད་ཚད་ལེན་སོགས་བྱེད་མཁན་མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་ཀྱིས་ངེས་པར་དུ་དེའི་འོས་ཐོབ་ཀྱི་རིམ་པར་གཞིགས་ནས་མངགས་བཅོལ་བྱེད་མཁན་ཕྱོགས་ཀྱིས་མངགས་བཅོལ་བྱེད་པའི་ཁྱབ་ཁོངས་ནང་ཁྲིམས་བཞིན་མཚམས་སྦྱོར་ཞབས་ཞུའི་བྱེད་སྒོ་སྤེལ་དགོས་པ་ལས། དེ་གས་སྒྲུབ་འགན་འཁུར་བའི་ལས་སྒོ་དེ་ཚན་པ་གཞན་དག་ལ་འཚོང་བཤུག་གཏོང་མི་ཆོག ལས་གྲྭའི་མ་གནས་བློ་འདྲི་དང་། ལྟ་ཞིབ་དོ་དམ། ལས་གྲྭའི་སྤུས་ཚད་ལ་ཞིབ་དཔྱད་ཚད་ལེན་སོགས་བྱེད་མཁན་མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་ཀྱིས་འགན་གཙང་སྤྲོད་མཁན་དང་འགན་གཙང་ལེན་མཁན་གྱིས་དུས་མཚུངས་སུ་ལས་གྲྭའི་རྣམ་གྲངས་གཅིག་པར་བློ་འདྲིའི་ཞབས་ཞུ་སྒྲུབ་རིགས་དང་ལེན་བྱེད་མི་ཆོག ལས་གྲྭ་འགན་གཙང་ལེན་མཁན་ཕྱོགས་དང་། ཨར་སྐྲུན་རྒྱུ་ཆ་དང་ཨར་སྐྲུན་གྲུབ་ཆའི་ལྷུ་ལག་མཁོ་འདོན་བྱེད་མཁན་ཕྱོགས། སྒྲིག་ཆས་ཐོན་སྐྱེད་དང་མཁོ་འདོན་བྱེད་མཁན་ཚོང་པ། དེ་བཞིན་སྡེ་ཚན་གཞན་དག་བཅས་དང་ཁོངས་གཏོགས་ཀྱི་འབྲེལ་བ་གང་ཞིག་ཡོད་པའམ་ཡང་ན་ཁེ་ཕན་གྱི་འབྲེལ་བ་གཞན་དག་ཡོད་མི་ཆོག ཨར་སྐྲུན་ལས་རིགས་ཀྱི་གཉེར་སྐྱོང་རང་བཞིན་ལྡན་པའི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་སྒྲུབ་མཁན་ཚན་པས་ངེས་པར་དུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱི་བབ་མཚུངས་ཆོག་འཐུས་ཐོབ་དགོས། 

    དོན་ཚན་ཉེར་བདུན་པ། ཁྲིམས་བཞིན་ལྟ་ཞིབ་དོ་དམ་བྱེད་དགོས་ངེས་ཀྱི་ཨར་སྐྲུན་ལས་གྲྭའི་རིགས་ལ། འཛུགས་སྐྲུན་ཚན་པས་ངེས་པར་དུ་ལྟ་ཞིབ་དོ་དམ་ཚན་པ་དང་ཡིག་ཐོག་ནས་མངགས་བཅོལ་བྱས་པའི་ལྟ་ཞིབ་དོ་དམ་གྱི་གན་རྒྱ་འཇོག་དགོས་པ་དང་། ལྟ་ཞིབ་དོ་དམ་ཚན་པས་གན་རྒྱའི་ནང་ཁ་ཆད་བྱས་པ་གཞིར་བཟུང་མངགས་བཅོལ་བྱེད་མཁན་ཕྱོགས་ལ་འགན་འཁུར་དགོས།

    དོན་ཚན་ཉེར་བརྒྱད་པ། ལས་གྲྭའི་ལྟ་ཞིབ་དོ་དམ་ཚན་པས་མངགས་བཅོལ་ལྟ་ཞིབ་དོ་དམ་གྱི་གན་རྒྱ་འཇོག་སྐབས། ངེས་པར་དུ་བབ་མཚུངས་ཀྱི་འོས་ཐོབ་ཡོད་པའི་རྣམ་གྲངས་ཀྱི་སྤྱི་ཁྱབ་ལྟ་ཞིབ་དོ་དམ་བྱེད་མཁན་ལག་རྩལ་ཆེ་མོ་བ་དང་ལས་ཡུལ་དངོས་ཀྱི་ལྟ་ཞིབ་དོ་དམ་བྱེད་མཁན་ལག་རྩལ་ཆེ་མོ་བ་དམིགས་འཛུགས་བྱས་ནས་ཨར་ལས་བྱེད་ཡུལ་དུ་བཅའ་སྡོད་ཀྱིས་འཛུགས་སྐྲུན་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་དོ་དམ་བྱེད་དགོས། ལས་ཡུལ་དངོས་སུ་ལྟ་ཞིབ་དོ་དམ་བྱེད་མཁན་ལག་རྩལ་ཆེ་མོ་བས་ངེས་པར་དུ་ཁང་པའི་ཨར་སྐྲུན་ལས་གྲྭའི་རྩིག་རྨང་གི་རྨང་གཞི་དང་གྲུབ་ཆ་གཙོ་བོ་སོགས་གཙོ་གནད་ལས་གྲྭ་སྤེལ་སའི་གཙོ་གནད་ལས་རིམ་དང་། དེ་བཞིན་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་མངོན་མེད་ལས་གྲྭའི་ཨར་ལས་སྤུས་ཚད་ཐད་འཁྲིས་ནས་ལྟ་ཞིབ་དོ་དམ་བྱེད་རྒྱུ། ལྟ་ཞིབ་དོ་དམ་བྱེད་མཁན་ཚན་པ་དང་ལྟ་ཞིབ་དོ་དམ་པས་ངེས་པར་དུ་ལས་གྲྭའི་སྤུས་ཚད་དང་། འཛུགས་སྐྲུན་གྱི་ལས་ཡུན། འཛུགས་སྐྲུན་གྱི་མ་དངུལ་བེད་སྤྱོད། དེ་བཞིན་བདེ་འཇགས་ཐོན་སྐྱེད་བཅས་ལ་ལྟ་ཞིབ་དོ་དམ་བྱེད་པའི་འཁྲི་འགན་འཁུར་དགོས་པ་དང་། ལས་གྲྭའི་ཇུས་འགོད་དེ་ལས་གྲྭའི་སྤུས་ཚད་ཀྱི་ཚད་གཞིའམ་ཡང་ན་གན་རྒྱའི་ནང་ཁ་ཆད་བྱས་པའི་སྤུས་ཚད་ཀྱི་བླང་བྱ་དང་མི་མཐུན་པ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཛུགས་སྐྲུན་ཚན་པར་སྙན་སེང་ཞུས་ནས་ཇུས་འགོད་ཚན་པར་བཟོ་བཅོས་རྒྱག་རྒྱུའི་བླང་བྱ་འདོན་དགོས། 

    དོན་ཚན་ཉེར་དགུ་པ། རང་སྐྱོང་ལྗོངས་ཀྱིས་བརྒྱུད་རིམ་ཧྲིལ་པོར་ལས་གྲྭའི་བློ་འདྲིའི་ཞབས་ཞུ་བསྒྲུབ་རྒྱུ་ཁྱབ་སྤེལ་བཏང་སྟེ། ཁང་པའི་ཨར་སྐྲུན་དང་གྲོང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་ལས་གྲྭ་འཛུགས་སྐྲུན་བྱེད་པའི་ཁྲོད། འཛུགས་སྐྲུན་ཚན་པས་བློ་འདྲིའི་ཚན་པར་མངགས་བཅོལ་གྱིས་འོས་སྐུལ་ཚབ་གཉེར་དང་། རྩད་ཞིབ། ཇུས་འགོད། ལྟ་ཞིབ་དོ་དམ། མ་གནས། རྣམ་གྲངས་དོ་དམ་སོགས་བརྒྱུད་རིམ་ཧྲིལ་པོའི་བློ་འདྲིའི་ཞབས་ཞུ་སྒྲུབ་པར་སྐུལ་མ་གཏོང་རྒྱུ། ལས་གྲྭའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་བློ་འདྲིའི་ཞབས་ཞུ་བསྒྲུབ་རྒྱུ་དེ་ཕྱོགས་བསྡུས་ནུས་པ་ལྡན་པའི་བློ་འདྲིའི་ཚན་པ་གཅིག་གིས་ལག་བསྟར་བྱས་ན་འགྲིག་ལ། འོས་སྐུལ་ཚབ་གཉེར་དང་། རྩད་ཞིབ། ཇུས་འགོད། ལྟ་ཞིབ་དོ་དམ། མ་གནས། རྣམ་གྲངས་དོ་དམ་སོགས་ཀྱི་བྱེད་ནུས་མི་འདྲ་བའི་བློ་འདྲིའི་ཚན་པས་མཉམ་འབྲེལ་ཐོག་ལག་བསྟར་བྱས་ནའང་འགྲིག ལས་གྲྭའི་བློ་འདྲིའི་ཞབས་ཞུ་མཉམ་འབྲེལ་ཐོག་སྒྲུབ་སྐབས་ངེས་པར་དུ་སྣེ་ཁྲིད་མཁན་ཚན་པའི་ཁེ་དབང་དང་། འོས་འགན། འགན་འཁྲི་བཅས་ཁ་གསལ་བཟོ་དགོས། 

    དོན་ཚན་སུམ་ཅུ་པ། ཨར་སྐྲུན་ལས་གྲྭའི་གྲུབ་ཆའི་བདེ་འཇགས་དང་བེད་སྤྱོད་བྱེད་ནུས། དེ་བཞིན་ཁང་པའི་ནང་གི་ཁོར་ཡུག་སྤུས་ཚད་ཀྱི་རྒྱུ་ཆ་དང་གྲུབ་ཆའི་ལྷུ་ལག་བཅས་དང་འབྲེལ་བ་ཡོད་པའི་རིགས། ཨར་སྐྲུན་ལས་གྲྭའི་སྤུས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱེད་དགོས། འཛུགས་སྐྲུན་ཚན་པས་ངེས་པར་དུ་བབ་མཚུངས་ཀྱི་འོས་ཐོབ་ཡོད་པའི་ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་མཁན་ལས་ཁུངས་ལ་མངགས་བཅོལ་བྱས་ནས་ཞིབ་དཔྱད་ཚད་ལེན་བྱེད་དགོས། གྲུབ་ཆའི་བདེ་འཇགས་ཀྱི་རྣམ་གྲངས་དང་འབྲེལ་བ་ཡོད་པར་མ་དཔེ་བསྒྲུགས་ནས་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་དང་། ཨར་ལས་བྱ་ཡུལ་དུ་ཡོད་པའི་ཨར་སྐྲུན་རྒྱུ་ཆ་དང་གྲུབ་ཆའི་ལྷུ་ལག་ལ་བདེན་དཔང་གིས་མ་དཔེ་བླངས་ཏེ་ཞིབ་དཔྱད་ཚད་ལེན་བྱེད་དགོས། སྤུས་ཚད་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་མ་དཔེ་མཁོ་འདོན་བྱེད་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་མ་དཔེའི་དངོས་བདེན་རང་བཞིན་ལ་འགན་འཁུར་དགོས། ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་མཁན་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་དང་། ལས་གྲྭ་འཛུགས་སྐྲུན་ཐད་ཀྱི་བཙན་ཐབས་རང་བཞིན་གྱི་ཚད་གཞི་ལག་བསྟར་ནན་པོ་བྱས་ཏེ། ལས་གཉེར་ཆ་རྐྱེན་འཛོམས་པའི་ཞིབ་དཔྱད་ཚད་ལེན་བྱེད་མཁན་གྱི་མི་སྣ་བཀོལ་སྤྱོད་བྱེད་དགོས་པ་མ་ཟད། བཏོན་པའི་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུར་འགན་འཁུར་དགོས། ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་མཁན་ལས་ཁུངས་ཀྱིས་ཞིབ་དཔྱད་ཚད་ལེན་བྱས་པའི་གཞི་གྲངས་རྫུན་མ་བཟོ་བ་དང་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུའམ་ཡང་ན་དཔྱད་འདོམས་སྡོམ་ཚིག་རྫུན་མ་བཟོ་རིགས་གཏན་འགོག་བྱེད་དགོས། ཚན་པ་གང་ཞིག་དང་མི་སུ་འདྲ་ཞིག་གིས་ཀྱང་ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་མཁན་ལས་ཁུངས་ལ་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་རྫུན་མ་འདོན་རྒྱུ་གསལ་སྟོན་དང་གསང་བརྡ་གཏོང་མི་ཆོག་དང་། ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུར་གཡོ་བཅོས་སམ་ཡང་ན་རྫུན་མ་བཟོ་མི་ཆོག ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་མཁན་ལས་ཁུངས་ཀྱིས་ཞིབ་དཔྱད་ཚད་ལེན་གྱི་ལས་སྒོ་གཉེར་ཟིན་རྗེས། ངེས་པར་དུ་འཕྲལ་མར་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་འདོན་དགོས། ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུར་ཞིབ་དཔྱད་ཚད་ལེན་བྱེད་མཁན་གྱི་མི་སྣས་མིང་རྟགས་འགོད་དགོས་པ་དང་། ཞིབ་དཔྱད་ཚད་ལེན་བྱེད་མཁན་ལས་ཁུངས་ཀྱི་ཁྲིམས་ཚན་འཐུས་ཚབ་པའམ་ཡང་ན་དེས་དབང་བསྐུར་བའི་མིང་རྟགས་འགོད་མིས་མིང་རྟགས་འགོད་དགོས་པ་མ་ཟད། ཞིབ་དཔྱད་ཚད་ལེན་བྱེད་མཁན་ལས་ཁུངས་ཀྱིས་གཞུང་ཐམ་མམ་ཡང་ན་ཞིབ་དཔྱད་ཚད་ལེན་གྱི་ཆེད་ཐམ་བརྒྱབ་རྗེས་གཞི་ནས་ནུས་པ་ཐོན་རྒྱུ། ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུར་འཛུགས་སྐྲུན་ཚན་པའམ་ཡང་ན་ལས་གྲྭའི་ལྟ་ཞིབ་དོ་དམ་ཚན་པས་ངོས་འཛིན་གཏན་འཁེལ་བྱས་རྗེས། ཨར་ལས་ཚན་པས་ཡིག་ཚགས་སུ་འཇུག་དགོས། ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་མཁན་ལས་ཁུངས་ཀྱིས་ངེས་པར་དུ་ཞིབ་དཔྱད་ཚད་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་འཛུགས་སྐྲུན་ཚན་པ་དང་། ལྟ་ཞིབ་དོ་དམ་ཚན་པ། ཨར་ལས་ཚན་པ་བཅས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་དང་ལས་གྲྭའི་འཛུགས་སྐྲུན་ཐད་ཀྱི་བཙན་ཐབས་རང་བཞིན་གྱི་ཚད་གཞི་དང་འགལ་བའི་གནས་ཚུལ་དང་། དེ་བཞིན་གྲུབ་ཆའི་བདེ་འཇགས་ཀྱི་ཞིབ་དཔྱད་ཚད་ལེན་བྱས་འབྲས་དང་འབྲེལ་བ་ཡོད་པའི་ཚད་གཞི་མ་ལོན་པའི་གནས་ཚུལ་རིགས་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ལས་གྲྭ་གཉེར་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས། 

    དོན་ཚན་སོ་གཅིག་པ། གསར་སྐྲུན་དང་། བསྐྱར་བཟོ། རྒྱས་སྐྲུན་བཅས་བྱས་པའི་ཨར་སྐྲུན་ལས་གྲྭའི་རིགས་ལ། ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚད་གཞིའི་བཅད་གྲངས་སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་ལས་གྲྭའི་མ་གནས་དང་སྔོན་རྩིས་རགས་པ་བཟོ་འགོད་བྱེད་དགོས། ཨར་སྐྲུན་ལས་གྲྭའི་མ་གནས་དེ་ངེས་པར་དུ་ཨར་ལས་ཀྱི་ཆ་རྐྱེན་དང་། ལས་གྲྭའི་ལག་རྩལ་གྱི་བླང་བྱ། ཁྲོམ་རའི་མཁོ་དགོས་འགྱུར་ལྡོག་འགྲོ་ཚུལ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས། 

    དོན་ཚན་སོ་གཉིས་པ། ལས་གྲྭའི་མ་གནས་བློ་འདྲིའི་ལས་ཁུངས་ཀྱིས་མངགས་བཅོལ་བྱས་པར་གཞིགས་ནས་ཨར་སྐྲུན་ལས་གྲྭའི་མ་གནས་གཏན་འཁེལ་དང་ཚོད་འཛིན་བྱེད་རྒྱུར་ཆེད་ལས་ཞབས་ཞུ་སྒྲུབ་དགོས་པ་དང་། ལས་གྲྭ་འཛུགས་སྐྲུན་གྱི་ཚད་གཞིའི་ཁྱབ་ཁོངས་དང་བཅད་གྲངས་གཞིར་བཟུང་། ཇི་མ་ཇི་བཞིན་དང་། ཡང་དག དངོས་ཡོད། དྲང་གཞག་བཅས་ཀྱི་སྒོ་ནས་ལས་གྲྭའི་མ་གནས་གཏན་འཁེལ་བྱས་འབྲས་ཀྱི་ཡིག་ཆ་འདོན་དགོས། 

    དོན་ཚན་སོ་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་ཀྱི་ཨར་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་གཞི་རྩའི་རིན་གོང་དང་། མིའི་ལས་གྲངས། རྒྱུ་ཆའི་ཟད་གྲོན་དང་འགྲོ་གྲོན་གྱི་བཅད་གྲངས་བཅས་བཟོ་འབེབས་དང་འགྲེམས་བསྒྲགས་བྱེད་དགོས་པ་མ་ཟད། ཁྲོམ་རའི་རིན་གོང་འགྱུར་ལྡོག་འགྲོ་བར་གཞིགས་ནས་དུས་འཚམ་ངེས་སུ་རྒྱུ་ཆའི་རིན་གོང་གི་ཆ་འཕྲིན་འགྲེམས་བསྒྲགས་བྱེད་དགོས། 

    དོན་ཚན་སོ་བཞི་པ། འོས་སྐུལ་ཚབ་གཉེར་ལས་ཁུངས་ཀྱིས་འཛུགས་སྐྲུན་ཚན་པའི་མངགས་བཅོལ་དང་། དེ་བཞིན་འོས་སྐུལ་རྣམ་གྲངས་ཀྱི་ཁྱད་ཆོས་དང་དགོས་མཁོར་གཞིགས་ནས་འོས་སྐུལ་གྱི་ཡིག་ཆ་བཟོ་འགོད་བྱེད་དགོས། འོས་སྐུལ་ཚབ་གཉེར་ལས་ཁུངས་དང་དེའི་ལས་བྱས་ཚན་པ་གང་རུང་དང་མི་སུ་འདྲ་ཞིག་ལའང་དེས་སྒྲུབ་འགན་འཁུར་བའི་ལས་སྒོའི་འབྲེལ་ཡོད་ཆ་འཕྲིན་ཕྱིར་བསྒྲགས་བྱེད་མི་ཆོག དོན་ཚན་སོ་ལྔ་པ། རིགས་ཁག་གི་མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་དང་དེའི་ལས་བྱས་ངེས་པར་དུ་ཁྲིམས་བཞིན་དྲང་གཞག་དངོས་ཡོད་ཀྱི་སྒོ་ནས་མཚམས་སྦྱོར་ཞབས་ཞུ་སྒྲུབ་དགོས་པ་དང་། འབྲེལ་ཡོད་འཛུགས་སྐྲུན་ལས་གྲྭའི་ལག་རྩལ་གྱི་ཚད་གཞི་དང་ལག་རྩལ་ཚད་ལྡན་བཟོ་རྒྱུ་ལག་བསྟར་ནན་པོ་བྱེད་དགོས་པ་ལས། མཚམས་སྦྱོར་ཞབས་ཞུ་སྒྲུབ་རིང་ཉེར་ཕྱོགས་གཡོ་ཟོལ་དང་མི་བདེན་རྫུན་སྒྲིག་བྱེད་མི་ཆོག ཁྲོམ་ར་ཅན་དུ་འགྱུར་བའི་འགྲན་རྩོད་ཀྱི་མཚམས་སྦྱོར་ཞབས་ཞུའི་རིན་བསྡུའི་རྣམ་གྲངས་ཕུད། མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཞིབ་དཔྱད་ཆོག་འཐུས་བྱས་པའི་རིན་བསྡུའི་ཚད་གཞི་ལག་བསྟར་ནན་པོ་བྱེད་དགོས།

    ལེའུ་ལྔ་པ། ལས་གྲྭའི་སྤུས་ཚད།

    དོན་ཚན་སོ་དྲུག་པ། ལས་གྲྭའི་འཛུགས་སྐྲུན་གྱི་སྤུས་ཚད་ཐད་ཁེ་ལས་ཀྱིས་འགན་ལེན་བྱེད་པ་དང་། སྲིད་གཞུང་གིས་ལྟ་སྐུལ་བྱེད་པ། སྤྱི་ཚོགས་ཀྱིས་ལྟ་ཞིབ་དོ་དམ་བྱེད་པ། དེ་བཞིན་སྤྱོད་དུད་ཀྱིས་དཔྱད་གདེང་བྱེད་པ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་སྤུས་ཚད་ཀྱི་དོ་དམ་མ་ལག་ལག་བསྟར་བྱེད་རྒྱུ། ཨར་སྐྲུན་ལས་གྲྭའི་འཛུགས་སྐྲུན་དང་། རྩད་ཞིབ། ཇུས་འགོད། ཨར་ལས། ལྟ་ཞིབ་དོ་དམ་བཅས་བྱེད་མཁན་ཚན་པས་ཁྲིམས་བཞིན་ལས་གྲྭའི་སྤུས་ཚད་ལ་འགན་འཁུར་རྒྱུ། འཛུགས་སྐྲུན་དང་། རྩད་ཞིབ། ཇུས་འགོད། ཨར་ལས། ལྟ་ཞིབ་དོ་དམ་བཅས་བྱེད་མཁན་ཚན་པའི་རྣམ་གྲངས་ཀྱི་འགན་འཁུར་བས་རང་སོ་སོས་སྒྲུབ་འགན་འཁུར་བའི་ལས་གྲྭའི་སྤུས་ཚད་ལ་ཚེ་གང་འགན་འཁྲི་འཁུར་རྒྱུ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ལས་གྲྭའི་སྤུས་ཚད་ལ་ལྟ་སྡོམ་བྱེད་པའི་ལས་ཀའི་འགན་འཁུར་རྒྱུ། ལས་གྲྭའི་སྤུས་ཚད་ལ་ལྟ་སྡོམ་བྱེད་པའི་ཞིབ་ཕྲའི་ལས་དོན་དེ་ལས་གྲྭའི་སྤུས་ཚད་ལྟ་སྐུལ་ལས་ཁུངས་ལ་ལག་བསྟར་བྱེད་རྒྱུ་མངགས་བཅོལ་བྱས་ན་འགྲིག 

    དོན་ཚན་སོ་བདུན་པ། ཨར་སྐྲུན་བྱེད་སྒོའི་རྩད་ཞིབ་དང་། ཇུས་འགོད། ཨར་ལས་སོགས་བྱེད་མཁན་ཚན་པས་ངེས་པར་དུ་ལས་གྲྭའི་སྤུས་ཚད་ཀྱི་འགན་ལེན་མ་ལག་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་སྤུས་ཚད་ཀྱི་དམིགས་ཚད་ལ་དོ་དམ་བྱེད་པ་དང་སྤུས་ཚད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། 

    དོན་ཚན་སོ་བརྒྱད་པ། ཨར་སྐྲུན་ལས་གྲྭར་སྤྱོད་རྒྱུའི་རྒྱུ་ཆ་དང་། གྲུབ་ཆའི་ལྷུ་ལག་དང་སྒྲིག་ཆས་རིགས་ངེས་པར་དུ་སྤུས་ཚད་ཀྱི་ཚད་གཞི་དང་མཐུན་དགོས། ཚད་གཞི་དང་མ་མཐུན་པའི་རིགས་བེད་སྤྱོད་དང་སྒྲིག་སྦྱོར་བྱེད་རྒྱུ་གཏན་འགོག་བྱེད་དགོས། གན་རྒྱའི་ནང་ཁ་ཆད་བྱས་པ་གཞིར་བཟུང་། འཛུགས་སྐྲུན་ཚན་པས་ཨར་སྐྲུན་རྒྱུ་ཆ་དང་། གྲུབ་ཆའི་ལྷུ་ལག་དང་སྒྲིག་ཆས་ཉོ་སྒྲུབ་བྱེད་སྐབས། འཛུགས་སྐྲུན་ཚན་པས་ངེས་པར་དུ་ཨར་སྐྲུན་རྒྱུ་ཆ་དང་། གྲུབ་ཆའི་ལྷུ་ལག་དང་སྒྲིག་ཆས་རིགས་ཇུས་འགོད་ཀྱི་ཡིག་ཆ་དང་གན་རྒྱའི་བླང་བྱ་དང་མཐུན་པའི་འགན་ལེན་བྱེད་དགོས། འཛུགས་སྐྲུན་ཚན་པས་ཨར་ལས་འགན་གཙང་ལེན་མཁན་ཚན་པར་བཙན་སྐུལ་གྱིས་བཀོད་པའམ་ཡང་ན་གསང་བརྡ་བཏང་ནས་ཨར་སྐྲུན་ལས་གྲྭའི་སྤུས་ཚད་ཀྱི་ཚད་གཞི་དང་བདེ་འཇགས་ཀྱི་ཚད་གཞི་ལོན་མེད་པའི་ཨར་སྐྲུན་རྒྱུ་ཆ་དང་། གྲུབ་ཆའི་ལྷུ་ལག་དང་སྒྲིག་ཆས་ཉོ་སྒྲུབ་དང་བེད་སྤྱོད་བྱེད་དུ་འཇུག་མི་ཆོག ཨར་ལས་འགན་གཙང་ལེན་མཁན་ཚན་པས་ངེས་པར་དུ་ལས་གྲྭའི་ཇུས་འགོད་ཀྱི་བླང་བྱ་དང་། ཨར་ལས་ཀྱི་ལག་རྩལ་ཚད་གཞི། དེ་བཞིན་གན་རྒྱའི་ནང་ཁ་ཆད་བྱས་པ་བཅས་གཞིར་བཟུང་། ཨར་སྐྲུན་རྒྱུ་ཆ་དང་། གྲུབ་ཆའི་ལྷུ་ལག སྒྲིག་ཆས་དང་ཚོང་ཟོག་ཅན་གྱི་ཨར་འདམ་སོགས་ལ་ཞིབ་བཤེར་བྱེད་དགོས་པ་དང་། ཞིབ་བཤེར་མ་བྱས་པའམ་ཡང་ན་ཞིབ་བཤེར་བྱས་ནས་ཚད་གཞི་མ་ལོན་པའི་རིགས་ལས་གྲྭའི་འཛུགས་སྐྲུན་ནང་བེད་སྤྱོད་བྱེད་མི་ཆོག 

    དོན་ཚན་སོ་དགུ་པ། ཨར་སྐྲུན་གྱི་བྱེད་པོ་དང་ལྗིད་ཐེག་གྲུབ་ཆ་འགྱུར་ལྡོག་འགྲོ་རིགས་དང་འབྲེལ་བ་ཡོད་པའི་མཛེས་བཟོ་ཀོན་འདོན་གྱི་ལས་གྲྭའི་རིགས་ལ། འཛུགས་སྐྲུན་ཚན་པས་ངེས་པར་དུ་ཨར་པོའི་ལས་འགོ་མ་ཚུགས་གོང་དེ་སྔའི་ཇུས་འགོད་ཚན་པའམ་ཡང་ན་བབ་མཚུངས་ཀྱི་འོས་ཐོབ་ཡོད་པའི་ཇུས་འགོད་ཚན་པར་ཇུས་འགོད་ཀྱི་ཇུས་གཞི་འདོན་རྒྱུའི་མངགས་བཅོལ་བྱེད་དགོས་ཤིང་། དེ་ལྟར་མ་བྱས་ཚེ་ཨར་ལས་བྱེད་མི་ཆོག མཛེས་བཟོ་ཀོན་འདོན་གྱི་ལས་གྲྭར་སྤྱོད་རྒྱུའི་ཨར་སྐྲུན་རྒྱུ་ཆའི་རིགས་ངེས་པར་དུ་ཁང་པའི་ནང་གི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་དང་མཐུན་དགོས། 

    དོན་ཚན་བཞི་བཅུ་པ། ཨར་སྐྲུན་ལས་གྲྭའི་ཐད་སྤུས་ཚད་ཀྱི་ཉམས་བཟོ་འགན་ལེན་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ། ཨར་སྐྲུན་ལས་གྲྭ་དེ་གཏན་འབེབས་བྱས་པའི་ཉམས་བཟོ་འགན་ལེན་བྱེད་ཁོངས་དང་ཉམས་བཟོ་འགན་ལེན་བྱེད་ཡུན་ནང་སྤུས་ཚད་ཐད་ཀྱི་གནད་དོན་ཐོན་ཚེ་ཨར་ལས་ཚན་པས་ངེས་པར་དུ་ཉམས་བཟོ་འགན་ལེན་བྱེད་པའི་འོས་འགན་སྒྲུབ་དགོས། ཉམས་བཟོ་འགན་ལེན་གྱི་འགྲོ་གྲོན་དང་དངོས་ཡོད་གྱོ ང་གུན་དེ་འགན་འཁྲི་ཡོད་མཁན་ཕྱོགས་ནས་འཁུར་དགོས།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཞེ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་བྱེད་རྒྱུ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་ཆད་པ་ཕོག་ཚེ། དེའི་ཁྲིམས་འགལ་བྱེད་སྤྱོད་རིགས་ཚན་པ་དང་མི་སྒེར་གྱི་ཡིད་རྟོན་ཡིག་ཚགས་ནང་འཇུག་རྒྱུ་མ་ཟད་ཡོངས་བསྒྲགས་ཀྱང་བྱེད་རྒྱུ། 

    དོན་ཚན་ཞེ་གཉིས་པ། ལྗོངས་ཕྱིའི་རྩད་ཞིབ་དང་། ཇུས་འགོད། ཨར་ལས། ལྟ་ཞིབ་དོ་དམ། འོས་སྐུལ་ཚབ་གཉེར། ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན། མ་གནས་བློ་འདྲི་སོགས་བྱེད་མཁན་གྱི་ཚན་པས་རང་ལྗོངས་སུ་ཨར་སྐྲུན་བྱེད་སྒོ་མ་སྤེལ་གོང་། སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་ཁེ་ལས་ཀྱི་གཞི་རྩའི་ཆ་འཕྲིན་གོང་འབུལ་ཞུས་མེད་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། འབྲེལ་ཡོད་འགྲོ་ལུགས་གསབ་གཉེར་བྱེད་དུའང་འཇུག་རྒྱུ། ཡོ་བསྲང་གཏན་ནས་མ་བྱས་པའི་རིགས་ལ་བརྡ་ཁྱབ་བཏང་ཁར། སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་གཉིས་མན་གྱི་དངུལ་ཆད་བཀལ་ཆོག སྲིད་གཞུང་ནས་མ་འཇོག་བྱས་པའི་རྣམ་གྲངས་ཀྱི་འཛུགས་སྐྲུན་ཚན་པས་གཞི་རྩའི་ཆ་འཕྲིན་གོང་འབུལ་མ་ཞུས་པའི་ཁེ་ལས་བདམས་ཏེ་ཨར་སྐྲུན་བྱེད་སྒོ་སྤེལ་ཚེ་བརྡ་ཁྱབ་གཏོང་རྒྱུ། 

    དོན་ཚན་ཞེ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ལས་མི་དང་ངལ་རྩོལ་གྱི་གན་རྒྱ་མ་བཞག་པ་དང་། ལས་མིའི་གླ་ཕོགས་འཐེན་འཕྲི་དང་རྒྱུ་མཚན་མེད་པར་ཆད་འགྱངས་བྱས་པའི་རིགས་ལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་དང་མཉམ་དུ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་མ་ཟད། ཚུལ་མིན་གྱི་ཟིན་ཐོར་བརྩིས་ནས་ཁེ་ལས་དེ་གའི་ཡིད་རྟོན་ཡིག་ཚགས་སུ་འཇུག་རྒྱུ། སྡེ་ཚན་གཞན་དག་གི་འགན་ནུས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱི་གནད་དོན་ནམ་ཡང་ན་གྱོད་སྣེའི་རིགས། ངེས་པར་དུ་འཁྲི་འགན་ཁག་བགོས་བྱས་པ་གཞིར་བཟུང་ཐག་གཅོད་བྱེད་པར་རྩིས་སྤྲོད་རྒྱུ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་ཚེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་འཁྲི་འགན་གཞིར་བཟུང་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ། དུས་ཚད་ཡོལ་ཡང་ཡོ་བསྲང་མ་བྱས་ཚེ་རྣམ་གྲངས་ཀྱི་ལས་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ། ཨར་ལས་ཚན་པར་ལས་གྲྭ་གསར་པ་འཁུར་ལེན་བྱེད་རྒྱུ་ཚོད་འཛིན་བྱེད་པ་དང་། དེའི་འོས་ཐོབ་ཀྱི་རིམ་པ་དམའ་རུ་གཏོང་བ། འོས་ཐོབ་ལག་ཁྱེར་མེད་པ་བཟོ་བ་སོགས་ཀྱི་ཆད་པ་གཅོད་རྒྱུ་སྟེ། 

    (གཅིག)ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་མཁན་ཚན་པས་གཏན་འབེབས་གཞིར་བཟུང་ལས་མིའི་གླ་ཕོགས་ཀྱི་ཆེད་བཙུགས་རྩིས་ཁྲ་མ་བཟོས་པའམ་ཡང་ན་བེད་སྤྱོད་མ་བྱས་པའི་རིགས་དང་། 

    (གཉིས)ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་མཁན་ཚན་པས་གཏན་འབེབས་གཞིར་བཟུང་གླ་ཕོགས་ཀྱི་འབའ་དངུལ་གསོག་བཅོལ་མ་བྱས་པའམ་ཡང་ན་དངུལ་རྩའི་ལས་ཁུངས་ཀྱི་འགན་ལེན་ཡི་གེ་མ་བཏོན་པའི་རིགས།

    (གསུམ)ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་མཁན་ཚན་པ་དང་ཁག་བགོས་འགན་གཙང་ལེན་མཁན་ཚན་པས་ངལ་རྩོལ་བྱེད་མཁན་ལས་མིའི་རང་མིང་འགོད་ལམ་གྱི་དོ་དམ་ལག་བསྟར་མ་བྱས་པའི་རིགས་བཅས་སོ། 

    དོན་ཚན་ཞེ་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་ཚེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་འཁྲི་འགན་གཞིར་བཟུང་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། དུས་ཚད་ཡོལ་ཡང་ཡོ་བསྲང་མ་བྱས་ཚེ་རྣམ་གྲངས་ཀྱི་ལས་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ་སྟེ། 

    (གཅིག)འཛུགས་སྐྲུན་ཚན་པས་ཁྲིམས་བཞིན་ལས་གྲྭའི་མ་དངུལ་གཏོང་སྤྲོད་ཀྱི་ཁག་ཐེག་མ་བྱས་པའི་རིགས་དང་།

    (གཉིས)འཛུཌ་སྐྲུན་ཚན་པས་ཁ་ཆད་བྱས་པ་གཞིར་བཟུང་ལས་མིའི་གླ་ཕོགས་ཀྱི་ཆེད་བཙུགས་རྩིས་ཁྲར་ལས་གྲྭའི་མ་དངུལ་ནང་གི་མིའི་ལས་གྲངས་ཀྱི་འགྲོ་གྲོན་དུས་ཐོག་དང་གྲངས་ཚང་མ་སྤྲད་པའི་རིགས། 

    (གསུམ)འཛུགས་སྐྲུན་ཚན་པའམ་ཡང་ན་ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་མཁན་ཚན་པས་ལས་གྲྭའི་ཨར་ལས་གན་རྒྱ་དང་ལས་མིའི་གླ་ཕོགས་ཀྱི་ཆེད་བཙུགས་རྩིས་ཁྲའི་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་གཏན་ནས་མ་བྱས་པའམ་ཡང་ན་མཁོ་འདོན་བྱེད་ཐབས་བྲལ་བའི་རིགས་བཅས་སོ། 

    དོན་ཚན་ཞེ་ལྔ་པ། ལས་གྲྭའི་ལྟ་ཞིབ་དོ་དམ་ཚན་པ་དང་དེ་བཞིན་འབྲེལ་ཡོད་ལྟ་ཞིབ་དོ་དམ་པས་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་། འཁྲིས་ནས་ལྟ་ཞིབ་དོ་དམ་བྱེད་པའི་འཁྲི་འགན་མ་བསྒྲུབས་པའི་རིགས་ལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་བརྡ་ཁྱབ་བཏང་ནས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། ཚུལ་མིན་གྱི་ཟིན་ཐོར་བརྩིས་ནས་ཁེ་ལས་དེ་དང་འབྲེལ་ཡོད་མི་སྣའི་ཡིད་རྟོན་གྱི་ཡིག་ཚགས་སུ་འཇུག་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་འོས་ཐོབ་ཀྱི་རིམ་པ་དམའ་རུ་གཏོང་རྒྱུའི་ཆད་པ་གཅོད་རྒྱུ། སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་འཁྲིས་ནས་ལྟ་ཞིབ་དོ་དམ་མ་བྱས་པའི་རྐྱེན་གྱིས་ལས་གྲྭའི་སྤུས་ཚད་ཐད་ཀྱི་དོན་རྐྱེན་ཐོན་ཚེ། ཁྲིམས་བཞིན་འབྲེལ་ཡོད་འགན་འཁྲི་ཡོད་མཁན་གྱི་ཚན་པར་ཆད་པ་གཅོད་པ་ཕུད། ད་དུང་ངེས་པར་དུ་ཁྲིམས་བཞིན་ལྟ་ཞིབ་དོ་དམ་ཚན་པ་དང་འབྲེལ་ཡོད་ལྟ་ཞིབ་དོ་དམ་པའི་དེ་མཚུངས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས། 

    དོན་ཚན་ཞེ་དྲུག་པ། ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་མཁན་ལས་ཁུངས་ལ་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་གང་རུང་ཞིག་ཡོད་ཚེ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། སྒོར་ཁྲི་གཅིག་ཡན་ནས་ཁྲི་གསུམ་མན་གྱི་དངུལ་ཆད་བཀལ་ཆོག ཉེས་གསོག་གི་ཚད་ལ་སླེབས་ཚེ། ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ།

    (གཅིག)འོས་ཐོབ་ཀྱི་ཁྱབ་ཁོངས་ལས་བརྒལ་ནས་ཞིབ་དཔྱད་ཚད་ལེན་གྱི་བྱེད་སྒོ་སྤེལ་བའི་རིགས་དང་།

    (གཉིས)འོས་ཐོབ་ལག་ཁྱེར་སུབ་བཅོས་བྱས་པ་དང་། བར་འཚོང་བརྒྱབ་པ། བོགས་མར་བཏང་བ། གཡར་པོ་བཏང་བ། འཚོང་བཤུག་བྱས་པ་བཅས་ཀྱི་རིགས། 

    (གསུམ)ལས་གཉེར་གྱི་ཆ་རྐྱེན་མ་འཛོམས་པའི་ཞིབ་དཔྱད་ཚད་ལེན་པ་བཀོལ་སྤྱོད་བྱས་པའི་རིགས།

    (བཞི)གཏན་འབེབས་གཞིར་བཟུང་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་དང་ཞིབ་དཔྱད་ཚད་ལེན་བྱས་ཏེ་ཚད་གཞི་མ་ལོན་པའི་དོན་གནད་གོང་འབུལ་མ་ཞུས་པའམ་ཡང་ན་གཏན་འབེབས་གཞིར་བཟུང་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུའི་ཐོག་མིང་རྟགས་མ་བཀོད་པ་དང་ཐམ་ག་མ་བརྒྱབ་པའི་རིགས། 

    (ལྔ)རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་གྲྭའི་འཛུགས་སྐྲུན་གྱི་བཙན་སྐུལ་རང་བཞིན་གྱི་ཚད་གཞི་གཞིར་བཟུང་ཞིབ་དཔྱད་ཚད་ལེན་མ་བྱས་པའི་རིགས།

    (དྲུག)ཡིག་ཚགས་དཔྱད་ཡིག་ལ་དོ་དམ་བྱེད་རྒྱུ་ཟང་ཟིང་ཡིན་པའི་རྐྱེན་གྱིས་ཞིབ་དཔྱད་ཚད་ལེན་བྱེད་པའི་གཞི་གྲངས་ལ་ཁུངས་འདེད་བྱེད་ཐབས་བྲལ་བའི་རིགས།

    (བདུན)ཞིབ་དཔྱད་ཚད་ལེན་གྱི་ལས་སྒོ་གཞན་ལ་འགན་གཙང་སྤྲད་པའི་རིགས་བཅས་སོ། ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་མཁན་ལས་ཁུངས་ཀྱིས་ཞིབ་དཔྱད་ཚད་ལེན་གྱི་གཞི་གྲངས་རྫུན་བཟོ་བྱས་པ་དང་། ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་དང་དཔྱད་འདོམས་སྡོམ་ཚིག་རྫུན་མ་བཏོན་པའི་རིགས་ལ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཁྲི་གསུམ་གྱི་དངུལ་ཆད་འགེལ་རྒྱུ། མི་གཞན་ལ་གྱོང་གུན་བཟོས་ཚེ་ཁྲིམས་ལྟར་གུན་གསབ་འཇལ་བའི་འགན་འཁྲི་འཁུར་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ། 

    དོན་ཚན་ཞེ་བདུན་པ། མངགས་བཅོལ་བྱེད་མཁན་ཕྱོགས་ལ་གཤམ་གསལ་གྱི་བྱེད་སྤྱོད་གང་རུང་ཞིག་ཡོད་ཚེ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་གསུམ་མན་གྱི་དངུལ་ཆད་འགེལ་རྒྱུ་སྟེ། 

    (གཅིག)བབ་མཚུངས་ཀྱི་འོས་ཐོབ་རག་མེད་པའི་ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་མཁན་ལས་ཁུངས་ལ་ཞིབ་དཔྱད་ཚད་ལེན་བྱེད་རྒྱུ་མངགས་བཅོལ་བྱས་པའི་རིགས་དང་། 

    (གཉིས)ཞིབ་དཔྱད་ཚད་ལེན་བྱེད་མཁན་ལས་ཁུངས་ཀྱིས་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་རྫུན་མ་འདོན་རྒྱུ་གསལ་སྟོན་ནམ་ཡང་ན་གསང་བརྡ་བཏང་བ་དང་། ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་གཡོ་བཅོས་སམ་ཡང་ན་རྫུན་བཟོ་བྱས་པའི་རིགས། 

    (གསུམ)ཞིབ་བཤེར་བྱེད་རྒྱུར་བསྐྱལ་བའི་ཚོད་ལྟའི་མ་དཔེ་མི་བདེན་རྫུན་བཟོ་བྱས་པའི་རིགས་བཅས་སོ། 

    དོན་ཚན་ཞེ་བརྒྱད་པ། ལས་གྲྭའི་སྤུས་ཚད་ལྟ་སྐུལ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འཁྲི་འགན་མ་སྒྲུབ་པ་དང་། མངགས་བཅོལ་བྱེད་ཁོངས་ལས་བརྒལ་བ། སྤུས་ཚད་ལྟ་སྐུལ་གྱི་སྙན་ཞུ་རྫུན་མ་བཏོན་པ་བཅས་ཀྱི་རིགས་ལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུ། 

    དོན་ཚན་ཞེ་དགུ་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱས་ཨར་སྐྲུན་ཁྲོམ་རའི་བྱེད་སྒོར་ལྟ་སྡོམ་བྱེད་པའི་ལས་དོན་ཁྲོད་ལྐོག་རྔན་སློང་ལེན་བྱེད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ། དེ་གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ། 

    དོན་ཚན་ལྔ་བཅུ་པ། སྲིད་འཛིན་ཆད་གཅོད་བྱས་པར་དོ་བདག་གི་བློ་མོས་མ་བྱུང་ཚེ། ཁྲིམས་བཞིན་སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུ་བའམ་ཡང་ན་སྲིད་འཛིན་གྱི་ཞུ་སྦྱོར་བྱས་ན་འགྲིག

    ལེའུ་བདུན་པ། ཞར་བྱུང་།

    དོན་ཚན་ང་གཅིག་པ། དམག་སྤྱོད་ཁང་པ་དང་། ཉེན་སྐྱོབ་གེགས་སེལ་དང་དེའི་གནས་སྐབས་རང་བཞིན་གྱི་ཁང་པའི་ཨར་སྐྲུན། དེ་བཞིན་ཞིང་འབྲོག་མང་ཚོགས་རང་ཉིད་ཀྱིས་བརྒྱབ་པའི་ཐོག་བརྩེགས་དམའ་བའི་སྡོད་ཁང་བཅས་ཀྱི་ཨར་སྐྲུན་བྱེད་སྒོའི་རིགས་ལ་སྲོལ་ཡིག་འདི་སྤྱད་ན་མི་འཚམ།

    དོན་ཚན་ང་གཉིས་པ། སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 2004ལོའི་ཟླ་དང་པོའི་ཚེས་14ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2004ལོའི་ཟླ་6ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་བཟོ་བཅོས་ཐེངས་དང་པོ་བརྒྱབ་པ། 2013ལོའི་ཟླ་7ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཟོ་བཅོས་ཐེངས་གཉིས་པ་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།