ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་རྫོང་དང་། ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)ཁག་གཅིག་ཏུ་ཕེབས་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཚུལ་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་གནང་རིང་། ཀྲོང་ཡན་རྒྱལ་ལམ་G219ལམ་ཐིག་དང་མཐའ་མཚམས་ཀྱི་རྫོང་དང་ཤང(གྲོང་རྡལ)ཁག་གཅིག་གི་གྲོང་གསེབ་ཀྱི་གཞུང་ལམ་དུ་ཕེབས་ཏེ་ཀྲུང་ནེའི་ལྕགས་ལམ་གྱི་དུས་འགོའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་འགྲིམ་འགྲུལ་ནི་བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་རྩ། རྒྱལ་སྲུང་བདེ་འཇགས་ཀྱི་འགན་ལེན། འགྲོ་འོང་སྤེལ་རེས་ཀྱི་སྦྲེལ་ཐག མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ་བཅས་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་མཐུན་སྒྲིལ་ལམ་བུ་དང་བདེ་སྐྱིད་ལམ་བུ་དེ་བས་མང་བ་བསྐྲུན་ཏེ་མཐའ་མཚམས་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
ཀྲོང་ཡན་གྱིས་མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། ས་ཆ་གཅིག་ཏུ་སླེབས་རིམ་བཞིན་དབུལ་སྒྲོལ་འགག་སྒྲོལ་དང་། ཐོན་ལས་འཕེལ་རྒྱས། མང་ཚོགས་ཀྱི་འབབ་འཕར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སྐྱིད་གྲོང་རྫོང་མདའ་མོ་གྲོང་ཚོར་ཀྲོང་ཡན་གྱིས་མི་ཧྲེང་རྒན་རྒོན་ཡོན་ཏན་གྱི་ཁྱིམ་དུ་ཕེབས་ནས་རྒན་རྒོན་དང་ཅི་འཕྲོས་མོལ་འཕྲོས་དང་འཕེལ་རྒྱས་སྐོར་གླེང་གནང་ཞིང་། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། བགྲེས་སོང་གིས་དཀའ་སྤྱད་ལས་བརྩོན་གྱིས་ཕྱུག་འགྱུར་ཐུབ་ནས་ལོར་ཡོང་འབབ་སྒོར་ཆིག་ཁྲི་ལྷག་བྱུང་བ་གསན་སྐབས། ཁོང་གིས་དགྱེས་ཚོར་ཆེན་པོས་འགོ་འཛུགས་ས་དང་དོན་ལ་འབབ་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་སྟངས་འཛིན་གང་ལེགས་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་གྲོང་གསེབ་ལ་འཚམ་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་ནས་མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། འཚོ་བ་ཕྱུག་པོར་འགྱུར་བ། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
འབྲོང་པ་རྫོང་སྐྲ་བདུན་དམིགས་བསལ་ཨུ་ཡོན་ལྷན་ཁང་གི་གནས་ཡུལ་རྙིང་པ་དང་སྐྱིད་གྲོང་རྫོང་གི་ཆིང་དམག་གི་བང་སོའི་རྗེས་ཤུལ་དུ་ཀྲོང་ཡན་གྱིས་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་རེ་རེར་གཟིགས་པ་དང་སློབ་སྦྱོང་ནན་ཏན་གནང་བ་རེད།
བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་ནི་རང་ལྗོངས་ཀྱི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་ཁག་གི་ཐུན་མོང་དར་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། དམག་དཔུང་བཅའ་སྡོད་དང་མང་ཚོགས་བདེ་འཁོད་གཉིས་ཀ་གཙིགས་ཆེར་འཛིན་པ་དང་། མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་འགན་འཁུར་ཕོད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། གཅིག་གྱུར་འཆར་འགོད་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མི་རིགས་ཁག་གི་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།