དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་དུ་རྣམ་གྲངས་འཛུགས་སྐྲུན་གྱི་བདེ་འཇགས་ཐོན་སྐྱེད་དང་དགོན་སྡེ་ཁྲིམས་ལྟར་བཅོས་སྐྱོང་གི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-29

    ཚེས་26ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་ལྷ་ས་སྐྱིད་ཆུའི་ཆུ་སྒོ་ཨང་2པ་དང་། ལྷ་ས་སྐྱིད་ཆུའི་ཆུ་བོ་ཚོད་འཛིན་གཤོང་འབུད་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ། སེ་ར་དགོན། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། ར་མོ་ཆེ་གཙུག་ལག་ཁང་བཅས་ལ་སྔ་རྗེས་སུ་ཕེབས་ཏེ། བདེ་འཇགས་ཐོན་སྐྱེད་དང་། དགོན་སྡེ་ཁྲིམས་ལྟར་བཅོས་སྐྱོང་ལས་དོན། སྤྱི་ཚོགས་ཀྱི་བདེ་འཇགས་དང་སྒྲིག་ལམ་བཅས་ཀྱི་གནས་ཚུལ་བརྟག་ཞིབ་གནང་བ་མ་ཟད། ད་དུང་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་ལས་དོན་མི་སྣར་ཡང་གཟིགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཧོ་ཝུན་ཧའོ་དང་པད་མ་དབང་འདུས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

    ལྷ་ས་སྐྱིད་ཆུའི་ཆུ་སྒོ་ཨང་2པའི་བྱང་ཁ་རུ། ཀྲོང་ཡན་དང་བཅས་པས་ཀྲུང་ཧྭའི་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་གླིང་རྣམ་གྲངས་སྐོར་གྱི་སྙན་ཞུ་ནན་ཏན་ངང་གསན་རྗེས། རྣམ་གྲངས་དེའི་བརྗོད་དོན་གཙོ་བོའི་གོ་དོན་དང་། ཇུས་འགོད་འཆར་འགོད། འཛུགས་སྐྲུན་གྱི་ནང་དོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲའང་གནང་བ་རེད། ཀྲོང་ཡན་གྱིས་ངེས་པར་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ལྗོངས་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ལ་རིག་གནས་སྤྲོ་གསེང་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ་དང་། “མོས་སེམས་ལྔ”ཟབ་ཏུ་གཏོང་བ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གསུམ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ལྷ་ས་སྐྱིད་ཆུའི་ཆུ་བོ་ཚོད་འཛིན་གཤོང་འབུད་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.4369བཏང་བ་དང་སང་ལོའི་ཟླ་5པར་ཆུ་སྒོ་བརྒྱབ་ནས་ཆུ་གསོག་རྩིས་ཡོད་པ་རེད། ཀྲོང་ཡན་དང་བཅས་པས་ཨར་ལས་བཀོད་གཏོང་དང་། བདེ་འཇགས་ཐོན་སྐྱེད། ལས་གྲྭའི་འཕེལ་རིམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་ནན་གྱིས་སྲུང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ཞིང་པ་ལས་མིའི་གླ་ཆ་དུས་ཐོག་དང་ཆད་ལྷག་མེད་པར་སྤྲོད་ཐུབ་པ་བཅས་བྱས་ནས་དམངས་སེམས་འདུ་འགོད་དང་དམངས་འཚོའི་འདུ་འགོད་ཅིག་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    སེ་ར་དགོན་དང་། ར་མོ་ཆེ་གཙུག་ལག་ཁང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་སུ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ། རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཏིང་ཡེ་ཤན། དེ་བཞིན་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་བཅས་ཀྱི་ཚབ་ཞུས་ཏེ་འཐབ་ས་དང་པོར་ལས་ཀ་བྱེད་མཁན་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

    བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་རིང་གི་བདེ་འཇགས་དང་བརྟན་ལྷིང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ། གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། བྱེད་ཐབས་ཁག་ལ་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱེད་དགོས་པ་མ་ཟད། དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ཡང་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང་། བསམ་བློའི་ངོས་འཛིན་ལ་སླར་ཡང་མཐོང་ཆེན་དང་སླར་ཡང་མཐོར་གཏོང་བྱེད་པ། ལས་དོན་བཀོད་སྒྲིག་ཐད་སླར་ཡང་ནན་བཤད་དང་སླར་ཡང་བཀོད་སྒྲིག་བྱེད་པ། རྡོ་རྗེ་བྲག་ལྟར་བརྟན་པའི་ཆོད་སེམས་དང་བྱེད་ཐབས་ལ་བརྟེན་པ་བཅས་ཀྱི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། འཕེལ་རྒྱས་ཀྱི་ངེས་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་པ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་བར་གྱི་འབྲེལ་བར་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལྷུ་ཚིགས་ཁག་གི་ལས་དོན་མུ་མཐུད་ཞིབ་ཚགས་དང་། ཏན་ཏིག ཡག་པོ་བཅས་སྒྲུབ་པ། ཡུལ་སྐོར་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།