ཉེ་ཆར། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་མངའ་རིས་ས་ཁུལ་དུ་ཕེབས་ནས་ས་གནས་དེ་གའི་ཏང་ཡོན་ལས་བྱེད་པར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།
སྒྲོག་འགྲེལ་གནང་རིང་། ཀྲོང་ཡན་གྱིས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གནང་སྟེ་གསོན་ཉམས་དོད་ལ་དངོས་ཡོད་ཀྱི་དཔེ་མཚོན་བཏོན་ནས། ཉེ་བའི་ལོ་ཤས་རིང་བོད་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས། ལྷག་པར་དུ་ལས་བྱེད་པ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དབུལ་སྒྲོལ་འགག་སྒྲོལ་དང་། སྨན་བཅོས་སློབ་ཞུགས། འགྲིམ་འགྲུལ་ཕྱིར་སྐྱོད། ལས་ཞུགས་ལས་གཏོད་སོགས་ཀྱི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ལུགས་གསུངས་པར་ཚང་མའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད། ཀྲོང་ཡན་གྱིས་གྲུབ་འབྲས་འདི་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་པས། དེ་ནི་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་གནང་བའི་འབྲས་བུ་དང་།
རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་འཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་ཡིན་པས་དེ་ཐོག་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཧ་ཅང་ཡང་དག་ཡིན་པ་གང་ལེགས་མཚོན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་ཡོད་ཅེས་ནན་བཤད་གནང་བ་རེད།
ཀྲོང་ཡན་གྱིས་བླང་བྱ་བཏོན་གནང་དོན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་ཏན་ཏིག་རྟོགས་པ། སེམས་ལ་ཟུག་པ། ཤེས་སྤྱོད་ཟུང་འབྲེལ་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“འབྲེལ་བ་ཆ་བཅུ་གསུམ་”ཐག་གཅོད་ཡང་དག་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས“ཐོན་ལས་ཆེན་པོ་བདུན་”འཕེལ་རྒྱས་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་མངའ་རིས་ས་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཡག་པོ་བཟོ་བ་བཅས་བྱེད་དགོས། མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ་དང་། དོན་ཆེན་མི་ཐོན་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ཚད་གཞིར་བྱས་ཏེ་ལས་བྱེད་པར་ལྟ་བ་བཅས་བྱས་ནས་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་མངའ་རིས་ས་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།