དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཆབ་མདོ་གྲོང་ཁྱེར་དུ“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-10-21

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཆབ་མདོ་གྲོང་ཁྱེར་དུ་ཕེབས་ནས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཀྲོང་ཡན་གྱིས་དཔའ་ཤོད་རྫོང་འཁོར་ཆེན་ཤང་གམ་མཐའ་གྲོང་ཚོའི་གཞུང་ལམ་སྤུས་ཚད་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་འབྲེལ། གྲོང་ཚོའི་གཞུང་ལམ་ཤར་གཏོང་གི་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད། ཁོང་གིས་ལམ་ཤར་གཏོང་ཐུབ་ན་ལས་རིགས་ཀུན་དར་ཐུབ། ཞིང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་དེ་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་གཏིང་ཟབ་བྱེད་དགོས་ལ། ཞིང་འབྲོག་ཁུལ་གྱི་ཐོན་ལས་དང་ཟོག་འགྲེམས་སོགས་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་དང་ཡང་ཟུང་འབྲེལ་བྱས་ཏེ“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་དེ་མཐུན་སྒྲིལ་ལམ་དང་བདེ་སྐྱིད་ལམ་བུར་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད། 

    རྒྱལ་ལམ་317གྲུ་གུ་ལའི་ཕུག་ལམ་དུ་ལས་དོན་མི་སྣས། རི་བོ་ཆེ་རྫོང་གིས་གཞུང་ལམ་བདག་སྐྱོང་ཀུང་སི་བཙུགས་ནས་གཞུང་ལམ་བདག་སྐྱོང་གི་འགན་འཁུར་བ་དང་གྲོང་མི་དབུལ་པོ་26ལས་ཀར་བཅུག་པ་དང་མི་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་3ནས་4བར་ཟིན་ལུགས་སྐོར་གྱི་ངོ་སྤྲོད་ཞུས་པ་གསན་རྗེས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ནས་ངེས་པར་དུ“འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། སྐྱེལ་འདྲེན”བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་གཞུང་ལམ་ཤར་གཏོང་ཐུབ་པ་ནས་བདེ་པོའི་བར་གྱི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་G214ལམ་རྒྱུད་ཀྱི་ལམ་མདོ་ཁ་ནས་ཞོ་ཞོལ་གྲོང་ཚོའི་བར་གྱི་གཞུང་ལམ་ལས་ཡུལ་དུ་ཀྲོང་ཡན་གྱིས་ལས་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་བཤེར་གནང་ནས་བྲག་གཡབ་རྫོང་དང་ཆབ་མདོ་གྲོང་ཁྱེར་ཁམས་པའི་སྐྱེལ་འདྲེན་ལས་རིགས་མཉམ་ལས་བྱས་ནས་བོགས་གཏོང་རླངས་འཁོར་ལས་རིགས་འཕེལ་རྒྱས་བཏང་བར་གདེང་འཇོག་གང་ལེགས་གནང་བ་རེད།

    བརྟག་ཞིབ་གནང་སྐབས་ཀྲོང་ཡན་གྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས་ཀྱི་གཙོ་རྒོལ་ཁ་ཕྱོགས་ཡིན་པས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེགཙོ་གནད་ཐོག“ཟུང་འབྲེལ་བཞིའི”ཐད་འབད་བརྩོན་བྱེད་དགོས་པ་སྟེ། གཅིག་ནས“འཛུགས་སྐྲུན”དང“བདག་སྐྱོང”ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ཤང་དང་གྲོང་ཚོའི་གནས་ཚུལ་དང་རི་ལམ་གྱི་གནས་ཚུལ་ལ་གཞིགས་ནས་ཡུལ་བབ་དང་བསྟུན་ཏེ་ས་གནས་ལ་འཚམ་པའི་གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བསྐྲུན་དགོས། ཐོག་མཐའ་བར་གསུམ་དུ་དོ་དམ་བདག་སྐྱོང་བྱ་རྒྱུ་དེ“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”བསྐྲུན་པའི་གལ་ཆེའི་ནང་གི་འགངས་ཆེར་འཇོག་པ་དང“གཞུང་ལམ་ལ་དོ་དམ་བྱེད་མཁན་ཡོད་པ་དང་། གཞུང་ལམ་བདག་སྐྱོང་བྱེད་པའི་མ་དངུལ་ཡོད་པ། གཞུང་ལམ་དོ་དམ་དང་བདག་སྐྱོང་ཡུན་རིང”བྱེད་པ་བཅས་ལ་དམིགས་ནས་དོ་དམ་བདག་སྐྱོང་གི་ཕུགས་ཕན་ལམ་སྲོལ་མགྱོགས་མྱུར་བཙུགས་ནས“ལམ་ཡོད་ན་ངེས་པར་དུ་བདག་སྐྱོང་བྱེད་པ་དང་བདག་སྐྱོང་ངེས་པར་དུ་དམིགས་སར་འཁྱོལ་བ”བྱེད་དགོས། གཉིས་ནས་རྒྱལ་ཁབ་ཀྱི་མ་འཇོག་དང་གྲོང་ཁྱེར་དང་རྫོང་གི་མ་འཇོག་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ“ལམ་མེད་ན་རྒྱལ་ཁབ་ཀྱིས་བསྐྲུན་པ་དང་ལམ་ལ་གཏོར་སྐྱོན་ཕོག་ན་རྒྱལ་ཁབ་ཀྱིས་ཉམས་བཟོ་བྱེད་པའི”གཞན་རྟེན་བསམ་བློ་རྦད་དེ་དོར་དགོས་པ་མ་ཟད། ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་དང་ལྗོངས་རིམ་པའི་བྱ་དགའ་ཁ་གསབ་ཀྱི་མ་དངུལ་ནས་རྒྱབ་སྐྱོར་དང་གྲོང་ཁྱེར་དང་རྫོང་གིས་མ་དངུལ་གཏོང་བ་དང་ཐབས་ལམ་མང་པོ་ནས་གྲབས་གསོག་བྱེད་པའི་སྣ་མང་ཅན་གྱི་མ་འཇོག་བྱེད་ཐབས་བཟོས་ནས་ནུས་ཤུགས་ཡོད་རྒུས་གཞི་རྩའི་མ་དངུལ་གྱི་དགོས་མཁོ་འགན་ལེན་བྱེད་དགོས། གསུམ་ནས་བདག་སྐྱོང་མི་སྣ་དང་སྣོད་བཅུད་ལས་གནས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་སྲིད་ཇུས་ཀྱི་བླང་བྱར་ནན་པོར་གཞིགས་པ་དང་སྟབས་བསྟུན་གྱི་བྱེད་ཐབས་སྤྱད་དེ་གཞུང་ལམ་བདག་སྐྱོང་དེ་སྣོད་བཅུད་ཁ་གསབ་ལས་གནས་འགན་འཁྲིའི་ནང་འཇོག་པ་དང་བདག་སྐྱོང་དཔུང་ཁག་དང་སྒྲིག་གཞི་བརྟན་པོ་ཞིག་རིམ་གྱིས་བསྐྲུན་པ། བདག་སྐྱོང་གི་ནུས་པ་དང་ལྷག་པར་དུ་གནམ་གཤིས་ཞན་པའི་འོག་བདག་སྐྱོང་ཤར་གཏོང་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་བ་དང་འབྲེལ། ཞིང་འབྲོག་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་མང་ཚོགས་རྣམས་གྲོང་གསེབ་གཞུང་ལམ་འཕེལ་རྒྱས་ནང་ཞུགས་མཁན་དང་། ཕན་པ་ཐོབ་མཁན། ལྟ་སྐུལ་བྱེད་མཁན་བཅས་ལ་གྱུར་པ་བྱེད་དགོས། བཞི་ནས་འགྲུལ་སྐྱེལ་རླངས་འཁོར་དང་བོགས་གཏོང་རླངས་འཁོར་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས། འགྲུལ་ཁུངས་དང་ལམ་ཐིག་སོགས་ལ་གཞིགས་པ་དང་ཁྲིམས་དང་སྒྲིག་སྲོལ་བཞིན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་འགྲུལ་སྐྱེལ་རླངས་འཁོར་དང་བོགས་གཏོང་རླངས་འཁོར་སོགས་བདེ་འཇགས་སྟབས་བདེ་དང་ཕན་ནུས་གོང་ཁེའི་སྐྱེལ་འདྲེན་ཞབས་ཞུ་མཁོ་འདོན་བྱེད་དགོས་ལ། རྨང་གཞི་འགན་ལེན་དང་། ཁྱབ་རྒྱ་ཆེ་བ། རིམ་པ་མང་བ། སྣ་མང་ཅན་བཅས་ཀྱི་ཕྱིར་སྐྱོད་བྱེད་ཐབས་སྤྱད་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་གསར་པ་སྐོང་དགོས་ཞེས་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།