དབུ་ཤོག>སྲིད་དོན།
  • སྤུས་ཚད་ལེགས་པོས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཡག་པོ་བཟོ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-05

     “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བའི་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཚེས་2ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བའི་གནས་ཚུལ་སྐོར་གྱི་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་སྙན་སེང་གསན་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ནས“བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ལ་དམ་པོར་དམིགས་ནས། “འབྲེལ་བ་ཆ་བཅུ་གསུམ”ཡང་དག་པའི་སྒོ་ནས་ཐག་གཅོད་ཡག་པོ་བྱེད་པ་དང་། “ཚུགས་གནས་མཐོ་བ་དང་། ཇུས་འགོད་གཏིང་ཟབ་པ། འཆར་འགོད་རྒྱང་རིང་བ། དམིགས་ཚད་ཏན་ཏིག”བཅས་ཀྱི་ལས་ཀའི་བླང་བྱ་ལྟར། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། བློ་བསྡུས་དགེ་འཚོལ་དང་སྤྱི་འདོམས་ཇུས་འགོད། མྱུར་ཚད་མགྱོགས་སུ་གཏོང་བ་དང་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པའི་ལོ་ལྔའི་འཆར་འགོད་དང་པོ་ཡིན་པས། སྤུས་ཚད་མཐོ་བའི་སྒོ་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཡག་པོ་བཟོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བའི་ལས་དོན་ཁག་ལ་དེ་བས་ལེགས་ལ་མྱུར་བའི་སྒོ་ནས་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལས་དོན་ཆེད་སྒྲུབ་ཚན་ཁག་བཙུགས་ནས་ལས་ཀའི་རྩིས་ཐོ་བཟོ་བ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། དུས་ཚོད་དང་མཚམས་ཚིགས་ལ་དམ་པོར་དམིགས་པ། ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ། དུས་ཐོག་ཏུ་འབྲེལ་གཏུག་སྙན་ཞུ་ཕུལ་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བའི་ལས་དོན་ཁག་ལ་ནུས་ཤུགས་ལྡན་ལ་གོ་རིམ་ལྡན་པའི་སྒོ་ནས་དུས་ཐོག་ཏུ་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།