དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷོ་ཁར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-05

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལྷོ་ཁ་གྲོང་ཁྱེར་དུ་ཕེབས་ཏེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པར་བརྟེན་ནས་ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། ཁོང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཇི་མ་ཇི་བཞིན་དུ་སྦྱོང་བ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྦྱོང་བ། བསམ་གཞིག་གཏིང་ཟབ་ཀྱིས་སྦྱོང་བ་བཅས་བྱས་ཏེ་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལས་དོན་ཁག་ཡག་པོ་ཏན་ཏིག་བསྒྲུབས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་ཉིད་ཀྱི་ཉམས་མྱོང་དང་སློབ་སྦྱོང་གི་མྱོང་ཚོར་དང་ཟུང་འབྲེལ་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་ལྟེ་བའི་དོན་སྙིང་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པ། ཚོགས་འདུའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རིམ་པ་གསུམ་གྱི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་། རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་བཅས་གསོན་ཉམས་དོད་ལ་ཞིབ་ཕྲའི་སྒོ་ནས་སྒྲོག་འགྲེལ་གནང་ཡོད།

    བློ་བཟང་རྒྱལ་མཚན་གྱིས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བོད་ཀྱི་ལས་དོན་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་པ་དང་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློའི་ཚན་རིག་དང་མཐུན་པའི་གོ་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པ། དུས་རབས་གསར་པའི་བོད་ཀྱི་འཐབ་ཇུས་ཀྱི་ངེས་གནས་དང་བོད་ཀྱི་ལས་དོན་གྱི་དུས་མཚམས་གསར་པའི་ཁྱད་ཆོས་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པ། མཐའ་མཚམས་ས་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གིས་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་བཀོད་སྒྲིག་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ཏེ། སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུའི་ཐད་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།