ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཏང་ཡོན་དཀྱུས་མའི་ཐོབ་ཐང་ནས་རང་གནས་སའི་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་དྲུང་ཡིག་ཁྲུའུ་གཉིས་པ་དང་དྲུག་པའི་མཉམ་འབྲེལ་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་ནས། ཀྲི་པུའི་ཏང་ཡོན་གཞན་དག་དང་ལྷན་དུ་ལྷ་ས་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་གནང་བ་དང་ཐན་ཀོན་སན་གྱི་དྲན་གསོ་ཁང་དུ་ལྟ་སྐོར་སློབ་སྦྱོང་གནང་བ་མ་ཟད། ཏང་ཀྲི་པུའི་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་པ་དང་། ཀྲི་པུའི་ཏང་ཡོན་དང་མཉམ་དུ་བསམ་པའི་མྱོང་ཚོར་སྤེལ་རེས་དང་གྲུབ་འབྲས་གླེང་རེས་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། གསར་བརྗེའི་སྔོན་བྱོན་མེས་པོ་ཚོའི་གསར་བརྗེའི་སྙིང་སྟོབས་དང་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ལས་འགན་གཙང་སྒྲུབ་དང་རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་དེ་བས་སྲ་ཞིང་བརྟན་པའི་དད་སེམས་དང་། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ། དེ་བས་ཚད་གཞི་ནན་པ་བཅས་ཀྱིས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍