དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-18

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དུ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་རྩོམ་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་བ་རེད།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩོམ་བཟོ་ཡག་པོ་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ། ལྗོངས་ཏང་ཨུད་ཀྱི་ཚུགས་གནས་མཐོ་བ་དང་། ཇུས་འགོད་གཏིང་ཟབ། འཆར་འགོད་རྒྱང་རིང་། དམིགས་ཚད་ཏན་ཏིག་བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་བ། རང་འགན་གཙང་སྒྲུབ་དང་རང་འགུལ་ངང་འགན་འཁྲི་འཁུར་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩོམ་བཟོའི་ལས་དོན་ཏན་ཏིག་སྒྲུབ་དགོས་པ་སྟེ། གཅིག་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་ཤིང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ་དང་མཐའ་མཚམས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུའི་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས། གཉིས་ནས་འཕེལ་རྒྱས་དོ་མི་སྙོམས་ཞིང་གང་ལེགས་མེད་པའི་གནད་དོན་ལ་དམིགས་དགོས་ཤིང་། “འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུའི”འཇུག་སྒོ་དེ་སྟངས་འཛིན་ཡག་པོ་བྱས་ཏེ་མི་འབོར་དང་རྒྱུ་རྐྱེན་གཙོ་བོ་དེ་གཙོ་གནད་ཕྱོགས་སུ་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། “རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན”གྱི་འདེགས་སྐྱོར་དེ་སྟངས་འཛིན་ཡག་པོ་བྱས་ཏེ་ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་གཏོང་དགོས་པ། “ལམ་ལུགས་ལམ་སྲོལ”གྱི་འགན་ལེན་དེ་སྟངས་འཛིན་ཡག་པོ་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་ཚོང་གཉེར་ཁོར་ཡུག་ཡག་པོ་གཏོད་དགོས། གསུམ་ནས་ལས་དོན་གྱི་གཙོ་གནད་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་དགོས་པ་དང་། “ཐོན་ལས་ཆེན་པོ་བདུན”གྱི་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ས་ཁོངས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་པ། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་གཏོད་དགོས་པ། དམག་དཔུང་འདུས་སྡོད་དང་དམངས་བདེ་མཉམ་འཛིན་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས་པ། སྤྱི་ཚོགས་བཅོས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡུན་རིང་བདེ་འཁོད་ཀྱི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་རེད།

    མཇུག་མཐར་ཀྲོང་ཡན་གྱིས་བླང་བྱ་བཏོན་དོན། དུས་ཚོད་ཀྱི་མཚམས་ཚིགས་ལ་དམ་པོར་དམིགས་པ་དང་། ལས་ཀའི་དལ་ལྷོད་སྟངས་འཛིན་བྱེད་པ། ལས་འགན་ཁག་བགོས་ཁ་གསལ། འགན་འཁྲི་ནན་དུ་གཏོང་བ། སྔོན་ཇུས་ཡག་པོ་འདིང་བ་དང་སྔོན་གྲབས་ཚགས་ཚུད་བྱེད་པ་བཅས་བྱས་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩོམ་བཟོའི་ལས་དོན་སྤུས་ཚད་མཐོ་པོའི་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།