དབུ་ཤོག>སྲིད་དོན།
  • ཝུའུ་དབྱིང་ཅེས་ཧོ་ཅུན་ཁོའོ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-17

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁོའོ་དང་བཞུགས་མོལ་གནང་སྟེ། ཁ་གཏད་བོད་སྐྱོར་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་དུས་རབས་གསར་པའི་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྐོར་ལ་སྤེལ་རེས་གཏིང་ཟབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་བཅས་བཞུགས་མོལ་དུ་ཞུགས་པ་རེད།

    ཝུའུ་དབྱིང་ཅེས་རང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ། ཧྲུའུ་ཅི་ཧོ་ཅུན་ཁོའོ་ཡིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དེ་ཐོག་ནས། སྡེ་ཚོགས་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་གང་ལེགས་མངོན་པ་མ་ཟད། སྡེ་ཚོགས་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་ཀྱང་གང་ལེགས་མཚོན་གྱི་ཡོད། ངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ། ལས་དོན་ཚོགས་ཆུང་དང་བཅས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་དང་། སྡེ་ཚོགས་ཀྲུང་དབྱང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་འཛུགས་ཉེར་ཡོད་པའི་ལོ་རྒྱུས་ཀྱི་དུས་སྐབས་སུ། འདི་ལོའི་ཟླ་8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སྐུ་ངོ་མས་ཇུས་འགོད་གནང་བ་དང་། སྐུ་ངོ་མས་བཀོད་སྒྲིག་གནང་བ། སྐུ་ངོ་མ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་འཆད་འགྲེལ་གཏིང་ཟབ་གནང་བ་དང་། བོད་ཀྱི་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་གཏན་འཁེལ་གནང་བ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དམིགས་ཚད་ལས་འགན་དང་། མཛད་ཕྱོགས་སྲིད་ཇུས། འཐབ་ཇུས་བྱེད་ཐབས་བཅས་ཁ་གསལ་བཏོན་ནས་ང་ཚོས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་ལས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་ཚོད་དང་ལས་སྒྲུབ་ཀྱི་སེམས་ཤུགས་ཆེས་ཆེར་འཕེལ་ཡོད། ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་ཤེས་པར་བྱེད་དགོས་པའི་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་མྱུར་དུ་འཕྱུར་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་དུས་ཡུན་རིང་པོའི་ནང་སྡེ་ཚོགས་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་རྒྱལ་ཁའི་ངང་འཚོགས་པ་མཚོན་རྟགས་སུ་བྱས་ཏེ། བོད་ཀྱིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་པ་དང་། དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ལས་དོན་གྱི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པའི་མདུན་དུ། ང་ཚོས་བསམ་ཕྱོགས་གསར་པ་བཟོ་བ་དང་བྱས་རྗེས་གསར་པ་འཇོག་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཏན་ཏིག་གོ་ཆོད་ཀྱི་བྱ་ཐབས་སྤྱད་ནས་གཞོན་ནུ་ལོ་ཆུང་གི་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་ཀྱི་ཡོད། སླད་ཕྱིན་སྡེ་ཚོགས་ཀྲུང་དབྱང་གིས་བོད་ཀྱི་གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་སྔར་རྒྱུན་བཞིན་སེམས་ཁུར་དང་རྒྱབ་སྐྱོར་དང་། གཞོན་ནུ་ལོ་ཆུང་གི་བསམ་བློའི་གནས་ཚུལ་ལ་དམིགས་ཏེ། ཐབས་ཤེས་ལེགས་པོས་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ལྗོངས་ཕྱི་ནང་གི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྔར་བས་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་བཅས་བྱས་ནས། གཞོན་ནུ་མི་རབས་ཚོས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཧོ་ཅུན་ཁོའོ་ཡིས་ད་ཐེངས་བོད་དུ་བརྟག་ཞིབ་བྱེད་པར་ཡོང་རྗེས་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་བོད་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་མཐོང་བྱུང་ལ། སེམས་འགུལ་དང་སྐུལ་ལྕག་ཆེན་པོ་ཡང་ཐེབས་བྱུང་ཞེས་གསུངས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་དོན་ཁག་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་དང་། གཞོན་ནུ་ལོ་ཆུང་འཚར་ལོངས་ཡར་ཐོན་ལ་སྐུལ་འདེད། མཐོ་སློབ་སློབ་ཐོན་སློབ་མའི་གསར་གཏོད་ལས་གཏོད་ལ་སྐུལ་འདེད་སོགས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ་དང་རྩ་ཆེའི་ཉམས་མྱོང་བསགས་ཡོད། སྡེ་ཚོགས་ཀྲུང་དབྱང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ། བོད་ཀྱི་དགོས་མཁོ་དང་འབྲེལ་མཐུད་གནད་སྨིན། རྒྱལ་ཡོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་སྐུལ་སློང་བཅས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་གཞོན་ནུ་ལས་བྱེད་པ་གསོ་སྐྱོང་ལ་ཤུགས་སྣོན་དང་། གཞོན་ནུ་ལོ་ཆུང་ལ་སློབ་གསོ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན། བོད་དང་ནང་སའི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་ལ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་སོགས་ཐད་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།