དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་འཐུས་མི་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-14

    ཚེས་10ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་མོ་ཞི་ཁོ་དང་། ནི་ཀྲེ་རི་ཡ། སེབ་རུ་སི། སུའེ་ཙེར། ཁོ་ལོམ་པི་ཡ། ཅེ་ཁེ། ནོར་ཝེ། འབར་མ་སོགས་རྒྱལ་ཁབ་11གི་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་དང་ཕྱི་འབྲེལ་དཔོན་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅུས་ཅན་ཧྭ་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་བཅས་ཀྱི་ཚབ་ཞུས་ནས་ཀྲུང་གོར་བཅའ་སྡོད་མོ་ཞི་ཁོའི་གཞུང་ཚབ་ཆེ་མོ་བ་པེར་ནར་གྱིས་ཚོགས་གཙོ་གནང་བའི་གཞུང་ཚབ་ཚོགས་པ་བོད་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཐད་མཐོང་དཔེ་མཚོན་དང་རྩོད་ཐབས་བྲལ་བའི་དོན་དངོས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55སོང་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དབུལ་པོ་དབུལ་རྐྱང་མི་ལྷག་པ་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་ངོ་སྤྲོད་མདོར་བསྡུས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་འཐུས་མི་ཚོགས་པ་དང་བཅས་པས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་བོད་ལ་སྔར་བས་རྒྱུས་མངའ་གཏིང་ཟབ་དང་བསམ་ཤེས་ཟབ་མོ་ཡོང་བར་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་གང་ལེགས་བྱེད་པ། མཐོང་ཐོས་མྱོང་གསུམ་གྱི་ཁྲོད་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཉམས་ལེན་བྱེད་པ། རྒྱལ་ཁབ་ཁག་དང་སྤེལ་རེས་མཉམ་ལས་ཟབ་གཏོང་གི་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། དངོས་ཡོད་དང་། འཐུས་ཚང་། དར་རྒྱས། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་གསར་པ་ཞིག་རང་སོ་སོའི་རྒྱལ་ནང་གི་དམངས་ཚོགས་ལ་ངོ་སྤྲོད་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    པེར་ནར་གྱིས་འཚམས་འདྲིར་ཡོང་མཁན་རྒྱལ་ཁབ་11གི་གཞུང་ཚབ་དང་ཕྱི་འབྲེལ་དཔོན་གྱི་ཚབ་ཞུས་ནས། བོད་རང་སྐྱོང་ལྗོངས་ཀྱིས་བྱེད་སྒོ་ཞིབ་ཚགས་བཀོད་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཚོགས་པའི་ཁོངས་མི་ཁག་གིས་ས་ཆ་དངོས་སུ་ལྟ་སྐོར་དང་འཚམས་འདྲི་བྱས་པ་བརྒྱུད་བོད་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཟབ་མོ་དང་། བོད་ལྗོངས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པའི་རྣམ་པ་དང་གྲུབ་འབྲས། བོད་ཀྱི་སྒོ་དབྱེ་ཞི་མཐུན་གྱི་སྤྱི་ཚོགས་ཀྱི་རྣམ་པ་བཅས་ཚོར་བྱུང་། མི་ཆོས་རིག་གནས་སྤེལ་རེས་དང་། དམངས་ཁྲོད་ཀྱི་འགྲོ་འོང་། ཁྱབ་ཁོངས་མང་པོ་བཅས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཁག་དང་བོད་རང་སྐྱོང་ལྗོངས་དབར་ཕན་ཚུན་རྒྱུས་མངའ་ལོན་ཚད་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།