ཚེས་9ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རྒྱལ་ལམ་318ལམ་ཐིག་གི་བོད་ལྗོངས་དུམ་བུའི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། ཁོང་གིས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱར་གཞིགས་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། “ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། ཚད་གཞི་དེ་བས་མཐོ་བ་དང་། སྤུས་ཚད་དེ་བས་མཐོ་བ། མྱུར་ཚད་དེ་བས་མགྱོགས་པ་བཅས་ལ་བརྟེན་པ། རྒྱལ་ལམ་318ལམ་ཐིག་གི་བོད་ལྗོངས་དུམ་བུའི་རིམ་སྤོར་སྒྱུར་བཀོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་བཅས་བྱས་ཏེ། གང་མགྱོགས་ལས་འགོ་འཛུགས་པ་དང་གང་མགྱོགས་སྐྲུན་ཐུབ་པའི་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་དམིགས་ཏེ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མཐུན་སྒྲིལ་ལམ་བུ་དང་བདེ་སྐྱིད་ལམ་བུ་དེ་བས་མང་བ་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་ཡོད། རྒྱལ་ལམ་318ལམ་ཐིག་ནི་རང་རྒྱལ་གྱི་ཆེས་སྲོལ་རྒྱུན་དང་ཆེས་གལ་ཆེ་ཤོས་ཀྱི་བོད་དུ་འགྲོ་འོང་བྱེད་པའི་བགྲོད་ལམ་ཆེན་པོའི་གྲས་ཤིག་ཡིན་ལ། ལམ་རྒྱུད་ཀྱི་དཔལ་འབྱོར་དར་རྒྱས་ཆེ་ཤོས་དང་མི་འབོར་གཅིག་འདུས་ཆེ་ཤོས་ཀྱི་དཔལ་འབྱོར་གྱི་འཕར་རྩ་ཆེན་པོ་ཞིག་ཀྱང་རེད། རྒྱལ་ལམ་318ལམ་ཐིག་གི་བོད་ལྗོངས་དུམ་བུའི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་དེ། ཁྲོན་བོད་གཞུང་ལམ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་འགན་ལེན་བྱེད་པ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མེས་རྒྱལ་ནང་ས་དང་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། “འགན་ལེན་བཞི”མངོན་འགྱུར་ཡོང་བ་བཅས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་དང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་པ་རེད།