ཚེས་7ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་བོད་ལྗོངས་སྤུས་ཚད་ཞིབ་བཤེར་ལྟེ་གནས་དང་། རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སོགས་སུ་ཕེབས་ནས་བཟའ་བཅའི་བདེ་འཇགས་ལ་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་བཅས་པ་བརྟག་ཞིབ་གནང་བར་མཉམ་དུ་ཕེབས་ཡོད།
བོད་ལྗོངས་སྤུས་ཚད་ཞིབ་བཤེར་ལྟེ་གནས་སུ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྤུས་ཚད་ཞིབ་བཤེར་སུའོ་དང་། དམིགས་བསལ་སྒྲིག་ཆས་ཞིབ་བཤེར་སུའོ། ཚད་འཇལ་སུའོ། ཚད་གཞི་ཅན་སུའོ་བཅས་སུ་སྔ་རྗེས་སུ་ཕེབས་ནས་ལྟེ་གནས་ཀྱི་ཞིབ་བཤེར་ཚད་ལེན་གྱི་ལག་རྩལ་དང་ནུས་པ་འཛུགས་སྐྱོང་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་ང་ཚོའི་འབད་འཐབ་ཀྱི་ཁ་ཕྱོགས་ཤིག་ལ་བརྩིས་ཏེ། བསམ་བློའི་ངོས་འཛིན་མཐོར་གཏོང་དང་། ནུས་པ་འཛུགས་སྐྱོང་སྟོབས་ཆེ། ལྟ་འདོམས་ནུས་པ་འདོན་སྤེལ། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཧྲིལ་པོའི་ལས་དོན་ལ་དམ་འཛིན་ནན་པོ་དང་།དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཕྲ་བཅས་བྱས་ནས་ཁྲོམ་རའི་ལྟ་འདོམས་ལ་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་དུ་བརྟག་ཞིབ་གནང་སྐབས། ཀྲོང་ཡན་གྱིས་ཁྲུའུ་དང་ཁང་ཁག་གི་འགན་འཁུར་བའི་སྙན་སེང་ནན་ཏན་ངང་གསན་ཞིང་། བཟའ་བཅའི་བདེ་འཇགས་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། འདི་ནི་དམངས་འཚོ་ཆེ་ཤོས་ཤིག་ཡིན། ཉོ་སྐབས་སེམས་ཁྲལ་མེད་པ་དང་། སྤྱོད་སྐབས་བློས་འཁེལ་བ། བཟའ་སྐབས་བློ་བདེ་བ་བཅས་བྱུང་ཚེ་གཞི་ནས་མང་ཚོགས་ལ་འཚོ་བ་བློ་བདེ་པོ་ཞིག་སྐྱེལ་ཐུབ་རྒྱུ་ཡིན་ཞེས་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེན་པོས་གསུངས་པ་རེད།
རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སུ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་12315འཛད་སྤྱོད་པའི་ཞུ་གཏུག་ཐེར་འདོན་བཀོད་འདོམས་ལྟེ་གནས་དང་། བཟའ་བཅའ་བདེ་འཇགས་གཞུང་ལས་ཁང་། གཉིས་རྒོལ་དང་རིན་གོང་ལྟ་འདོམས་ཁྲུའུ་སོགས་ཁྲུའུ་དང་ཁང་ཁག་ཏུ་སྔ་རྗེས་སུ་ཕེབས་ནས་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད།
བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལས་དོན་དེ་རྒྱ་ཆེའི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་ལ་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་ཡང་འབྲེལ་བ་དམ་ཟབ་ཡོད། བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དམངས་འཚོའི་འདུ་འགོད་ཅིག་རེད་ལ་ཆབ་སྲིད་ཀྱི་ལས་འགན་ཞིག་དེ་བས་ཀྱང་རེད། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག བཟའ་བཅའི་བདེ་འཇགས་ལྟ་འདོམས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུ་དེ་གལ་ཆེ་ལ་ཁ་ཚ་དགོས་གཏུགས་ཤིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་གཞི་ཚུགས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། བཟའ་བཅའི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ཁྲོམ་ར་ལྟ་འདོམས་ལས་འགན་གལ་ཆེན་དུ་བརྩི་བ། ལྟ་འདོམས་བྱེད་ཤུགས་ཆེ་རུ་དང་ཉེན་ཁ་གྲལ་བཤེར་བྱེད་པ། ཁེ་ལས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པར་ལྟ་སྐུལ་བཅས་བྱས་ནས“ལྕེ་ཐོག་གི་བདེ་འཇགས”ཡག་པོ་སྲུང་དགོས་པ་དང་། བཀག་སྡོམ་རྣམ་པའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། བཟའ་བཅའ་ཐོན་སྐྱེད་ལས་སྣོན་དང་། འཁོར་རྒྱུག་བྲིན་ཚོང་། བཟའ་འཐུང་ཞབས་ཞུ་སོགས་ཀྱི་ལྷུ་ཚིགས་ཁག་གི་ལྟ་འདོམས་ལ་དམ་འཛིན་ཡག་པོ་བྱེད་པ། ཐོན་ཁུལ་ནས་ཕྱིར་གཏོང་དང་ཁྲོམ་རའི་ཆོག་འཐུས་དབར་སྦྲེལ་མཐུད་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ནང་ནས་གསོལ་ལྕོག་བར་ལ་ཕྱོགས་ཡོངས་ནས་དོ་དམ་བཅས་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་ཐོན་རྒྱུ་དོགས་ཟོན་ཏན་ཏིག་དང་ནུས་ལྡན་བྱེད་དགོས་པ། ཚོང་ཟོག་གི་རིན་གོང་ལ་ལྟ་འདོམས་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་རྒྱག་པ་དང་། རིན་གོང་ཐད་ནས་མགོ་སྐོར་གཏོང་བ་དང་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་གཅོད་ནན་པོ་བྱེད་པ། སྤུས་ཚད་འགན་ལེན་ཐུབ་པ་དང་། ཟས་རིགས་འགན་ལེན་ཐུབ་པ། རིན་གོང་འགན་ལེན་ཐུབ་པ་བཅས་བྱས་ནས་ཁྲོམ་རའི་གཉེར་སྐྱོང་དོ་དམ་གྱི་སྒྲིག་ལམ་ཡག་པོ་ཡོང་བའི་འགན་ལེན་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་ཟུག་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།