དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2020-08-15

    ཚེས་13ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་དུ་ཕེབས་ནས་རང་ལྗོངས་ཀྱི་སློབ་གསོ་ཡིག་རྒྱུགས་ཀྱི་དྲ་ཐོག་རྒྱུགས་དཔྱད་དང་མཐོ་རྒྱུགས་སློབ་བསྡུ་བསྡུ་ལེན་སོགས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་དྲ་ཐོག་རྒྱུགས་དཔྱད་ཀྱི་དགེ་རྒན་དང་ལས་དོན་མི་སྣ་ཡོངས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་རེད།

    ཡན་ཅིན་ཧའེ་སྔ་རྗེས་སུ་ཁ་གཏད་མཐོ་རིམ་ལས་རིགས་ཀྱི་ཡིག་རྒྱུགས་དྲ་ཐོག་རྒྱུགས་དཔྱད་ཀྱི་ས་གནས་ས་ཐོག་དང་། ལྗོངས་ནང་ཁུལ་གྱི་མཐོ་རྒྱུགས་དཀྱུས་མ། ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)མཐོ་རྒྱུགས་དཀྱུས་མའི་སློབ་བསྡུའི་ས་གནས་ས་ཐོག་བཅས་སུ་ཕེབས་ནས་རང་ལྗོངས་ཀྱི་ཁ་གཏད་མཐོ་རིམ་ལས་རིགས་ཀྱི་ཡིག་རྒྱུགས་དྲ་ཐོག་རྒྱུགས་དཔྱད་དང་མཐོ་རྒྱུགས་སློབ་བསྡུའི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་གྱི་ངོ་སྤྲོད་ནན་ཏན་ངང་གསན་པ་དང་། སྐར་གྲངས་དཔྱད་བསྡུར་ཚད་གཞི་དང་། རྒྱུགས་དཔྱད་སློབ་བསྡུའི་བརྒྱུད་རིམ། བདེ་འཇགས་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ལྗོངས་ནང་ཁུལ་གྱི་མཐོ་རྒྱུགས་དཀྱུས་མའི་སློབ་བསྡུའི་ལས་དོན་དེ་ཟླ་8ཚེས་6ཉིན་ནས་དངོས་སུ་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་ཟླ་9པའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུ་ཡིན་པ་དང་། ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)མཐོ་རྒྱུགས་སློབ་བསྡུའི་ལས་དོན་དེ་ལྗོངས་ནང་ཁུལ་དང་མཉམ་དུ་སྤེལ་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན། ཟླ་8པའི་ཟླ་མཇུག་ཏུ་མཇུག་འགྲིལ་རྒྱུ་རེད། མིག་སྔར། ལྗོངས་ཡོངས་ཀྱི་རིགས་ཁག་གི་ཡིག་རྒྱུགས་ཀྱི་རྒྱུགས་དཔྱད་དང་། སྐར་གྲངས་བསྐྱར་ཞིབ། གཟུགས་པོ་བརྟག་དཔྱད། བསྡུ་ལེན་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། ལས་དོན་མི་སྣའི་བྲེལ་འཚུབ་ཀྱི་གཟུགས་བརྙན་དང་། བྱང་ཆུབ་པའི་ལས་ཀ འགན་ཁུར་བའི་སྙིང་སྟོབས། གཟབ་ནན་གྱི་སྤྱོད་ཚུལ་བཅས་ལ་ཡན་ཅིན་ཧའེ་ཡིས་ཁས་ལེན་དང་བསྔགས་བརྗོད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སློབ་གསོ་དྲང་གཞག་ཡོང་བ་ནི་སྤྱི་ཚོགས་དྲང་གཞག་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་དང་། དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས“ཕྱི་ནང་སྤྱི་འདོམས་དང་། གོང་འོག་མཉམ་སྒུལ། ལས་ཀའི་མཉམ་ཤུགས་ཆགས་པ”བཅས་ཀྱི་བླང་བྱ་ལྟར། ལས་ཀའི་འགན་འཁྲི་ཁ་གསལ་དང་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། གཉིས་ནས་ལས་ཀའི་གོ་རིམ་ནན་དུ་བཏང་སྟེ་ཡིག་རྒྱུགས་སློབ་བསྡུའི་སྒྲིག་འཛུགས་དོ་དམ་ལས་དོན་ནན་པོས་བསྒྲུབ་པ་དང་། ལྷུ་ཚིགས་ཁག་གི་དོ་དམ་གཏན་འབེབས་ལག་བསྟར་ནན་པོ་བྱས་ནས་དྲང་གཞག་དང་། ཚད་ལྡན། ཚན་རིག་དང་མཐུན་པ། ཡང་དག་པ། བདེ་འཇགས་བཅས་ཡོང་བར་འགན་ལེན་བྱས་ཏེ། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་བློ་བདེ་པོ་དང་སྤྱི་ཚོགས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས་པ། གསུམ་ནས་རྒྱུགས་དཔྱད་སྤུས་ཚད་ཚོད་འཛིན་ནན་པོ་བྱས་ཏེ་རྒྱུགས་དཔྱད་ཀྱི་ཞིབ་སྲོལ་དང་རྒྱུགས་དཔྱད་ཀྱི་ཚད་གཞི་ཁོང་དུ་ཡང་དག་ཆུད་པར་བྱས་ནས་སྐར་མ་སྤྲོད་པར་གཞི་འཛིན་ས་ཡོད་པ་དང་སྐར་མ་གཅོག་པར་གནས་ལུགས་རྒྱུ་མཚན་ཡོད་པ་བྱས་ཏེ་མང་ཚོགས་ཀྱི་དོགས་འདྲི་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་འགན་ལེན་བྱེད་དགོས་པ། བཞི་ནས“གཞོགས་འདེགས་གཅིག་དང་ཞབས་ཞུ་གཉིས”ཀྱི་ལས་དོན་མུ་མཐུད་ཡག་པོ་སྤེལ་ཏེ། ཡིག་ཚགས་གཏོང་སྤྲོད་དང་། སློབ་བསྡུ་དང་གཟུགས་པོ་བརྟག་དཔྱད་ལས་དོན་ལ་གཞོགས་འདེགས་དང་མཐོ་སློབ་ཁག་དང་རྒྱུགས་སྤྲོད་སློབ་མར་ཞབས་འདེགས་ཡག་པོ་ཞུས་ཏེ། རང་ལྗོངས་ཀྱི་མཐོ་རྒྱུགས་ཀྱི་སློབ་མ་བསྡུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ། ལྔ་ནས་སློབ་བསྡུའི་ལས་དོན་གྱི་སྒྲིག་ལམ་དང་གསང་སྲུང་སྒྲིག་ལམ་ནན་སྲུང་གིས་གསང་སྲུང་ལས་དོན་ཡག་པོ་བསྒྲུབ་ནས་ཡིག་རྒྱུགས་ཆ་འཕྲིན་གྲངས་གཞི་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པ། དྲུག་ནས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། སློབ་བསྡུའི་བསྡུ་ལེན་གྱི་དུས་མཚམས་ཁག་གི་དབང་གྲགས་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་འདེབས་པ། སྤྱི་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ངང་དང་ལེན་བཅས་བྱས་ཏེ་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་གཏོད་དགོས་པ་བཅས་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།