རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་རང་སྐྱོང་ལྗོངས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་འཛུགས་སྐྲུན་དང་ཚོད་ལྟའི་འཁོར་རྒྱུག་བྱ་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་བཞུགས་མོལ་ཚོགས་འདུ་ཡང་འཚོགས་ཏེ། འཛུགས་སྐྲུན་དང་འཁོར་རྒྱུག་བྱ་ཚུལ་སྐོར་གྱི་སྙན་ཞུ་གསན་པ་མ་ཟད། ད་དུང་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུར་ཞིབ་འཇུག་ཀྱང་གནང་བ་རེད།
ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་ཞབས་ཞུ་ལྟེ་གནས་ཀྱི་ཐོག་ཁང་ནང་ཡོད་པའི་རང་སྐྱོང་ལྗོངས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ནི་ལྗོངས་ཡོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་བྱེད་པའི་གཟུགས་ཅན་ཁྲོམ་ར་དང་གཅིག་གྱུར་ཞབས་ཞུའི་སྟེགས་བུ་ཞིག་རེད། དེས་གཙོ་བོ་འཛུགས་སྐྲུན་ལས་གྲྭའི་འོས་སྐུལ་འོས་དཔོད་དང་། སྲིད་གཞུང་གི་ཉོ་སྒྲུབ། ས་ཆ་ཉོ་ཚོང་། ཐོན་དབང་ཉོ་ཚོང་སོགས་སྤྱི་པའི་ཐོན་ཁུངས་སྣ་ཚོགས་ཉོ་ཚོང་བྱེད་པར་སྟབས་བདེ་ལ་ནུས་པ་ཆེ་བའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། ཀྲོང་ཡན་བདག་སྤྲོད་སྐར་ཁུང་སོགས་ལས་ཚན་དུ་སྔ་རྗེས་སུ་ཕེབས་ཏེ། ལས་དོན་མི་སྣའི་ས་ནས་སྒྲིག་ཆས་སྒྲིག་སྦྱོར་དང་། དྲ་རྒྱ་འཁོར་རྒྱུག སྔར་ཡོད་མ་ལག་རྙིང་པ་བེད་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཀྲོང་ཡན་གྱིས་རྒྱལ་ཁབ་ཀྱི་ཚད་གཞི་དང་ཚད་ལྡན་བླང་བྱ་དང་ཡང་ཡང་བསྡུར་བ་དང་། དམིགས་ཚད་ལས་འགན་དང་དུས་ཚོད་མཚམས་ཚིགས་ལ་དམ་པོར་དམིགས་པ། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་གང་མགྱོགས་འཁོར་རྒྱུག་ནུས་ལྡན་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རིམ་པ་ཁག་དང་སྡེ་ཚན་ཁག་གི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་གཞུང་འཕྲེད་གཉིས་ཀ་ནས་འབྲེལ་མཐུད་དང་། ལམ་ལུགས་དང་སྒྲིག་སྲོལ་གཅིག་གྱུར། ལག་རྩལ་དང་ཚད་གཞི་གཅིག་གྱུར། ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད། “ཆ་འཕྲིན་གྱི་ཁེར་ཆགས་གླིང་ཕྲན” “ཆ་འཕྲིན་གྱི་ཡངས་པའི་རྒྱ་མཚོ”ལྟ་བུར་འགྱུར་བ། “དངོས་ཁམས་ཀྱི་བསྡུ་སྒྲིལ”“རྫས་འགྱུར་གྱི་བསྡུ་སྒྲིལ”དུ་དངོས་འབྲེལ་འགྱུར་བ་བཅས་བྱས་ནས་ཀུན་གསལ་གྱི་ཁོར་ཡུག་ནང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲོང་ཡན་གྱིས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་བསྡུ་སྒྲིལ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་ཞིག་རེད། སྲིད་གཞུང་གི་འགན་ནུས་སྒྱུར་བར་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་གྱི་ལྟ་འདོམས་ཀྱི་འཇོན་ཐང་ཆེ་རུ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དབང་ཆར་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་སྔོན་འགོག་དང་ཆད་གཅོད་མ་ལག་འཛུགས་སྐྲུན་ལ་ཤུགས་རྒྱག་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།