ཉེ་དུས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
མལ་གྲོ་གུང་དཀར་རྫོང་གི་པད་ཁའི་སྣུམ་འཚག་བཟོ་གྲྭ་ནི་དབུལ་སྐྱོར་ཐོན་ལས་མ་དངུལ་བཏང་ནས་བཙུགས་པ་ཞིག་ཡིན་པ་དང་འདི་ལོའི་ཟླ་5པ་ནས་བཟུང་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ཐོན་རྫས་ཀྱི་སྤུས་ཀ་ལེགས་པས་དགའ་བསུ་རྒྱ་ཁྱབ་ངང་ཐོབ་ཡོད། བཟོ་གྲྭ་དེར་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་12ལས་ཞུགས་ཐུབ་པ་དང་རྫོང་ཡོངས་ཀྱི་པད་ཁ་འདེབས་མཁན་དུད་ཚང་4000ལྷག་ཙམ་ལ་འབབ་འཕར་བརྟན་པོ་བྱུང་ཡོད། ཀྲོང་ཡན་གྱིས་ཐོན་ལས་དར་རྒྱས་བྱུང་བ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འདེགས་སྐྱོར་ནུས་ལྡན་ཞིག་རེད་ལ། གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་རེད། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་ཐོན་ལས་འཁོར་འབྲེལ་དང་། ལས་ཞུགས་འཁོར་སྦྲེལ། འབབ་འཕར་འཁོར་སྦྲེལ་བཅས་སྣུར་བསྲིང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་ལས་ཞུགས་ཡོང་བ་དང་། ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ། འཇོན་ཐང་ཆེ་ལ་ལས་ཀ་ཤེས་མཁན་ཐོན་ལས་འཕེལ་རྒྱས་ནང་བཅུག་ནས་ཐོན་ལས་ཀྱི་གནས་ཐང་འཕར་མའི་ཕན་འབྲས་མཉམ་སྤྱོད་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།
མལ་གྲོ་གུང་དཀར་རྫོང་བཞོན་མ་གསོ་ཚགས་རྟེན་གཞིར་ཀྲོང་ཡན་གྱིས་ཐོན་ལས་དར་རྒྱས་བྱུང་ཚེ་གྲོང་གསེབ་ཀྱི་ཡིད་དབང་འགུག་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་། མ་རྩ་དང་ཤེས་ལྡན་མི་སྣ་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིང་འབྲོག་ཁུལ་དུ་ཕྱོགས་རྒྱུར་ཁྲིད་སྟོན་བྱས་ཚེ་ཞིང་འབྲོག་པས“ཞིང་ལས་སྟོབས་ཆེ”དང“གྲོང་གསེབ་མཛེས་པ”“ཞིང་པ་ཕྱུག་པ”བཅས་ཀྱི་རེ་བ་མཐོང་ཐུབ་ཅེས་གསུངས་པ་རེད། ཁོང་གིས་ཁེ་ལས་ཀྱི་འགན་ཁུར་བར་ཁེ་ལས་ཀྱི་ཐོན་འཕར་དང་ཕན་འབྲས་མཐོར་གཏོང་དང་ཁེ་ལས་ཀྱི་ལས་བཟོའི་ཐོབ་ཆ་དང་ཐོབ་ཐང་ལེགས་སུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས“དཔལ་འབྱོར་གྱི་རྩིས”དང“ཕན་འབྲས་ཀྱི་རྩིས”ཡག་པོ་རྒྱག་དགོས་ལ“ཆབ་སྲིད་ཀྱི་རྩིས”དང“སྣོད་བཅུད་ཀྱི་རྩིས”དེ་བས་ཀྱང་ཡག་པོ་རྒྱག་དགོས་པའི་བཀའ་མངགས་གནང་བ་རེད།
བརྟག་ཞིབ་གནང་སྐབས་ཀྲོང་ཡན་གྱིས། མིག་སྔར་རང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་། འཕེལ་རྒྱས་གཏོང་སྟངས་འགྱུར་བ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག འཕར་བའི་སྒུལ་ཤུགས་འགྱུར་བ་བཅས་ཀྱི་འགག་རྩའི་དུས་སུ་སླེབས་ཡོད་མོད། འོན་ཀྱང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་གྱི་རྨང་གཞི་དང་། དཀའ་གནད། གསོན་ཤུགས་བཅས་རྫོང་ཁོངས་སུ་གནས་ཡོད་པ་རེད། རྫོང་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་ཞིང་འབྲོག་པའི་དགོས་མཁོ་དང་འཚམ་པའི་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག ཕྱིར་ཚོང་མ་ལག་བཅས་མགྱོགས་མྱུར་སྐྲུན་དགོས་ལ། ལྷག་དོན་དུ་ཐོན་ལས་མི་འདྲ་བའི་དབར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐོན་ལས་འཁོར་སྦྲེལ་སྣུར་བསྲིང་དང་ཟུར་སྣོན་རིན་ཐང་མཐོ་རུའང་གཏོང་དགོས། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སྐྱེད་བསྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བར་ས་གནས་ཀྱི་ཁྱད་ལྡན་ལེགས་ཆའི་ཞིང་འབྲོག་ཐོན་རྫས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་སྤུས་རྟགས་གཏོད་དེ་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བྱས་ནས་ཞིང(འབྲོག)དུད་ཆུང་གྲས་དང་དེང་རབས་ཞིང་འབྲོག་ལས་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱས་ཏེ་ཁེ་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་འཕར་གྱི་འབྲེལ་བ་དེ་བས་དམ་ཟབ་ཡོང་བར་བྱེད་དགོས། མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ནང་སའི་འདེབས་འཛུགས་དང་གསོ་ཚགས་ཁེ་ལས་དང་ཕྱུག་འགྱུར་འཇོན་ཐང་ཅན་དེ་བས་མང་བ་བོད་དུ་ལས་དར་ལས་གཏོད་ལ་ཡོང་རྒྱུའི་ཡིད་དབང་འགུག་པ་དང་ས་གནས་དེ་གའི་མང་ཚོགས་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།