དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་བའི་སྨན་བཅོས་འཕྲོད་བསྟེན་འཐབ་ཕྱོགས་ཀྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-30

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པ་འཚོག་རིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུར་ཟུར་བཞུགས་གནང་བའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་འཐབ་ཕྱོགས་ཀྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་བཞུགས་མོལ་གནང་སྟེ། རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དང་ལྷག་པར་དུ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་གཙོ་གནད་ཐོག་དམིགས་ནས་ཚང་མའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་འཐབ་ཕྱོགས་དང་པོ་ནས་ཡོང་བའི་སྤེན་པ་སྒྲོལ་མ་དང་། ཕུར་ཕན། ཡེ་ཆིང་ལེན། ཝང་ཧུང་དབྱིང་། ཨ་རྡོར། རྒོད་སྐྱེས། བཀྲ་ཤིས་སྟོབས་རྒྱལ། མིག་དམར་ཚེ་རིང་། ལི་ལུའུ། མིག་དམར་སྒྲོལ་མ་བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་10ཡིས་འགན་སྒྲུབ་ལག་ལེན་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་བ་རེད།

     ཚང་མའི་གཏམ་བཤད་གསན་རྗེས། བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷག་པར་དུ་སྨན་བཅོས་འཐབ་ཕྱོགས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། འཐུས་མི་ཚོའི་བསམ་འཆར་དང་གྲོས་འགོ་ལས་གཞི་རིམ་མང་ཚོགས་ཀྱི་འབོད་སྒྲ་མཚོན་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་དེའི་འབྲེལ་ཡོད་ལས་དོན་སྒྲིག་གཞིས་གསེད་བཀྲོལ་དང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་རྒྱུར་ཕུལ་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ལེགས་པར་འདོན་སྤེལ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་དམིགས་པ། བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་མཐོ་བ་དང་ཚན་ལྡན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོངས་མཁོར་དམ་པོར་དམིགས་པ་དང་། རང་ལྗོངས་ཀྱི་ད་ལྟ་སྤྱོད་བཞིན་པའི་ཁྲིམས་སྲོལ་ལག་བསྟར་བྱེད་རིང་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་པ། ཞན་ཆ་སེལ་བ་དང་། སྐྱོན་ཆ་སེལ་བ། ཉམ་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་འགན་ལེན་བྱེད་པ་དང་ཁྲིམས་འཛུགས་ཀྱི་མྱུར་ཚད་མགྱོགས་སུ་བཏང་ནས་སྤྱི་པའི་འཕྲོད་བསྟེན་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། སྤྱི་ཚོགས་བཅོས་སྐྱོང་བཅས་ལ་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དགེ་མཚན་ལྡན་པའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་ནན་ཏན་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འབྲེལ་གཏུག་བྱེད་པའི་རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་དང་འཐུས་མིའི་གྲོས་འགོ་སྒྲུབ་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་ཀྱི་འཐུས་མིའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

    བློ་བཟང་རྒྱལ་མཚན་གྱིས་འཐུས་མི་ཚོར་ཁྱེད་ཚོས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་ཀྱི་ཆེད་དུ་བླ་ན་མེད་པའི་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་མི་སེར་ལ་ཞབས་འདེགས་ཞུ་བའི“སྙིང་ཉེ་བ”དང་མང་ཚོགས་ཀྱི་བདེ་ཐང་གི“སྲུང་མ”ཡག་པོ་བྱས་ནས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ཐད་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་སྐུལ་ལྕག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།