དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-29

     ཚེས་27ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། འོད་ཟེར། ཞུས་ཞུའེ་ཀོང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཅུས་ཅན་ཧྭ། ཉི་མ་ཚེ་རིང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཕེབས་པ་རེད།

    ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱས་རྗེས་མི་དོན་བསྐོ་འཐེན་དོན་ཚན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གསལ་བཤད་གསན་པ་དང་། ཏང་ཀྲུང་དབྱང་གི་སྒྱུར་བཅོས་ཐབས་ཇུས་བཀོད་སྒྲིག་དང་སྔོན་རྩིས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པ་དང་རང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བ། སྔོན་རྩིས་ཀྱི་ཡོངས་འདུས་ཞིབ་བཤེར་དང་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་ཆེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་ཞིབ་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་ཡོད། འཆར་ཟིན་དེས་སྔོན་རྩིས་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་པ་དང་། སྔོན་རྩིས་ལག་བསྟར་ལ་ལྟ་སྐུལ་བྱེད་པ། སྔོན་རྩིས་ལེགས་སྒྲིག་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་པ།

     ངེས་རྩིས་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་པ། རྩིས་བཤེར་ལས་དོན་ལ་ལྟ་སྐུལ་བྱ་རྒྱུ་སོགས་གཏན་འབེབས་བྱས་ཡོད།

    ཐོན་ཁུངས་ཁྲལ་ཁྲིམས་ཀྱི་དབང་ཐོབ་གཞིར་བཟུང་། རང་ལྗོངས་ཀྱིས་ཁྲིམས་ལྟར་ཐོན་ཁུངས་ཀྱི་ཁྲལ་བསྡུ་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཐོན་ཁུངས་ཁྲལ་ཁྲིམས་དབང་ཐོབ་ཀྱི་འབྲེལ་ཡོད་དོན་ཚན་གྱི་གཏན་འབེབས(འཆར་ཟིན)》ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་ཡོད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་འཆར་ཟིན་ལ། གསལ་བཤད་བྱས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ་བྱས་པ་རེད།

    སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གསང་མྱུལ་གྱི་བྱེད་སྤྱོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་འགོག་ཟོན་དང་བཀག་འགོག་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བཅས་བྱ་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་འགོག་ཟོན་སྲོལ་ཡིག(འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་ཡོད་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ཐིང་གིས་འཆར་ཟིན་ལ་གསལ་བཤད་བྱས་པ་རེད།

    ཀྲུའུ་རེན་ཚོགས་འདུའི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ནང་སྲིད་ཁྲིམས་འཛིན་ལས་དོན་ཨུ་ལྷན་གྱིས་སྲོལ་ཡིག་འཆར་ཟིན་གྱི་ཞིབ་བཤེར་བསམ་འཆར་སྐོར་གྱི་སྙན་ཞུ་བྱས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་ཁག་སོ་སོས་2019ལོའི་རིམ་པ་འདི་གའི་ནོར་སྲིད་ངེས་རྩིས་སྐོར་གྱི་སྙན་ཞུ་དང་། རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2020ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྙན་ཞུ། 2019ལོའི་ལོ་འཁོར་གྱི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་གྱི་རྩིས་བཤེར་ལས་དོན་གྱི་སྙན་ཞུ་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས་གོང་གསལ་གྱི་སྙན་ཞུར་གཞིགས་ནས་ཁག་སོ་སོར་ཞིབ་བཤེར་སྙན་ཞུ་བྱས་པ་རེད།

    ཚོགས་འདུའི་ཐོག སྤྱི་པའི་རིག་གནས་ཞབས་ཞུའི་འགན་ལེན་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་དང་ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ་སོགས་གསན་པ་རེད།

    ཚོགས་འདུའི་ཐོག་ད་དུང་རང་ལྗོངས་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་བརྟག་ཞིབ་སྙན་ཞུ་དང་འཐུས་མི་འགའ་ཞིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་སྙན་ཞུ་གསན་པ་རེད།

    ཕྱི་དྲོ་ཚོགས་ཞུགས་མི་སྣས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།