དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-24

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལྷ་ས་གྲོང་ཁྱེར་ནང་ཕེབས་ནས་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། སྲིད་གཞུང་སྡེ་ཚན་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཡང་འཚོགས་ནས། རང་ལྗོངས་ཀྱི་ཁེ་ལས་བརྟན་པོ་དང་ལས་ཞུགས་འགན་ལེན་ལས་དོན་ཐད་ལྷག་པའི་དཀའ་ངལ་དང་གནད་དོན་མཁྱེན་རྟོགས་གནང་བ་དང་། དམངས་གཉེར་ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད།

    བོད་ལྗོངས་ས་མཐོའི་གཅེས་ནོར་དཀར་ཆུའི་ལས་རིགས་ཚད་ཡོད་ཀུང་སི་ནི་མིག་སྔར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་དེང་རབས་ཅན་གྱི་ཆུ་ཚད་མཐོ་ཤོས་ཀྱི་འབྲིའི་དཀར་ཆུའི་ཐོན་རྫས་ལས་སྣོན་ཁེ་ལས་ཤིག་དང་། རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ཤིག་རེད། བློ་བཟང་རྒྱལ་མཚན་དང་བཅས་པ་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་ཕེབས་ཀྱིན་དུ་གཟིགས་ཞིབ་གནང་སྟེ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། སྤུས་རྟགས་གསར་གཏོད། དཀར་ཆུའི་ཐོན་ཁུངས་རྟེན་གཞི་འཛུགས་སྐྲུན། ལས་ཞུགས་བསྡུ་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། རིམས་ནད་ཀྱི་ཤུགས་རྐྱེན་དང་ཁེ་ལས་ལ་འཕྲད་པའི་མངོན་གསལ་དོད་པའི་དཀའ་གནད་བྱམས་བརྩེའི་ངང་བཀའ་འདྲི་ཡང་གནང་ཞིང་། ཁོང་གིས་ནོར་སྲིད་སྲིད་ཇུས་དོན་འཁྱོལ་ཏན་ཏིག་དང་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དམངས་གཉེར་ཁེ་ལས་ལ་ཐོན་ལས་འཁོར་སྦྲེལ་སྣུར་སྲིང་བྱེད་པའི་དཀའ་གནད་སེལ་རོགས་བྱས་ནས་ཁེ་ལས་ཀྱི་གསར་གཏོད་རིམ་སྤོར་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་བྱེད་དགོས་ཞེས་གསུངས། 

    བཞུགས་མོལ་ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། དམངས་གཉེར་ཁེ་ལས་ནི་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། དེས་ན། མིག་སྔའི“བརྟན་པོ་དྲུག”དང“འགན་ལེན་དྲུག”དང་ལྷག་པར་དུ་ཁྲོམ་རའི་བྱེད་པོ་སྲུང་སྐྱོང་བྱེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་དང་། ཁྲལ་རིན་གཉིས་གཅོག་བྱེད་ཤུགས་ཆེ་རུ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་མ་གནས་དམའ་རུ་བཅས་བཏང་ནས་ཁེ་ལས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་མཐའ་འཁྱོངས་དང་། ལྗོངས་ཡོངས་ཀྱི“བསམ་ཇུས་གཅིག”གི་བསམ་བློ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་ཁོར་ཡུག་དང་ལས་ཞུགས་ཀྱི་ཁོར་ཡུག་ཡག་པོ་གཏོད་པ་དང“འགན་སྲུང་དྲ་བ”ཚགས་དམ་དུ་བཏང་ནས་ལས་ཞུགས་འགན་ལེན་བྱེད་ཆེད་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་དང་། ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་བརྟན་པོ་ཡོང་བ། ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོང་བའི་འགན་ལེན་བཅས་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སེམས་ནུས་གཅིག་ཏུ་སྒྲིལ་དགོས། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འགན་ནུས་འདོན་སྤེལ་ཡག་པོ་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ནོར་ཁྲལ་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། ངལ་རྩོལ་ལས་ཞུགས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱས་ཚུལ་སོགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁྲིམས་སྐྱོང་སྟོབས་ཤུགས་བེད་སྤྱོད་གང་ལེགས་ཀྱིས་ཁྲོམ་རའི་བྱེད་པོ་དང་། ལས་ཞུགས། དམངས་འཚོ་བཅས་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།