དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉི་ཤུ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-26

    ཚེས་24ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉི་ཤུ་པ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ད་ཐེངས་ཀྱི་ཚོགས་འདུ་དེ་ས་གནས་ས་ཐོག་ཏུ་ཕེབས་པ་དང་དྲ་ཐོག་བརྙན་ལམ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་འཚོགས་ཤིང་། ཚོགས་འདུའི་ཐོག་མི་དོན་བསྐོ་གཞག་དོན་གནད་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་གསལ་བཤད་གསན་པ་དང་འབྲེལ། མི་དོན་བསྐོ་གཞག་དོན་གནད་ལ་གྲོས་ཞིབ་བྱས་པ་དང་འབྲེལ་བརྡས་ཐག་བཅད་ནས་གྲོས་འཆམ་ཡང་བྱས་པ་མ་ཟད། ཕུར་བུ་དོན་གྲུབ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ་དང་སྦྲགས། ལས་གནས་བསྐོ་གཞག་གི་ལག་ཁྱེར་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ད་ཐེངས་ལས་གནས་བསྐོ་གཞག་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པར་དམིགས་བསལ་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཡོད། བློ་མཐུན་ཕུར་བུ་དོན་གྲུབ་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་། རང་འགན་གཙང་སྒྲུབ། མངགས་བཅོལ་གལ་ཆེན་དང་དུ་ལེན་པ་བཅས་བྱ་རྒྱུ་དང་ཆབ་སྲིད་ཐད་མིག་དཔེ་བཏོན་ཏེ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆར་དེ་བས་གཅེས་འཛིན་བྱེད་པ། ཏང་གི་ཆེད་སེམས་ཁྲལ་སེལ་བ་དང་ཏང་གི་ཆེད་འགན་འཁྲི་འཁུར་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གྲོལ་རྗེས། འོད་ཟེར་གྱིས་རྩ་ཁྲིམས་དམ་འཇོག་མཛད་སྒོ་གཙོ་སྐྱོང་གནང་བ་དང་། གསར་དུ་བསྐོ་གཞག་བྱས་པའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཕུར་བུ་དོན་གྲུབ་ཀྱིས་རྩ་ཁྲིམས་དམ་འཇོག་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།