དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རི་བོ་ཆེ་རྫོང་དང་དཔའ་ཤོད་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་དང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-22

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་།  ཚེས་16དང་18ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཆབ་མདོ་གྲོང་ཁྱེར་གྱི་རི་བོ་ཆེ་རྫོང་དང་དཔའ་ཤོད་རྫོང་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ལྟག་སྒོ་ཤང་གི་ཅིན་རུང་འདེབས་འཛུགས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནི་རི་བོ་ཆེ་རྫོང་གི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། མཉམ་ལས་ཁང་དེ་ཐོན་ལས་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་15དང་མི་སྒེར་གྱི་དངུལ་བུན་སྒོར་ཁྲི་100སྤྱད་ནས་2018ལོར་སྐྲུན་པ་ཞིག་ཡིན་པ་དང་གཙོ་བོ་ས་གནས་འདི་ག་ནས་ཐོན་པའི་ཉུང་མར་ལས་སྣོན་ཞིབ་ཚགས་བྱ་རྒྱུ་དེ་ཡིན། 2019ལོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་50རག་པ་མ་ཟད། དུད་ཚང་དབུལ་པོའི་མང་ཚོགས་7ལས་ཀར་བསྡུས་ནས་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ཡན་ཟིན་གྱི་ཡོད་པ་རེད། ཀྲོང་ཡན་གྱིས་གྲུབ་འབྲས་དེ་དག་ལ་ཁས་ལེན་གང་ལེགས་གནང་བ་དང་ཁོང་གིས་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་མང་ཚོགས་ལས་ཞུགས་བརྟན་པོ་ཡོང་བར་སྣེ་ཁྲིད་བྱེད་པ་དང་འབབ་འཕར་གྱི་ཆེས་ཐད་ཀ་དང་ཆེས་ནུས་ལྡན་ཐབས་ལམ་དེ་ཡིན་པ་མ་ཟད།  མང་ཚོགས་དབུལ་པོ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འདེགས་སྐྱོར་ནུས་ལྡན་ཞིག་རེད། ཐོན་ཁུངས་ཀྱི་ལེགས་ཆ་དང་བསྡུར་གཞི་ཡོད་པའི་ལེགས་ཆར་བརྟེན་ནས་ཐོན་ལས་འཛུགས་སྐྱོང་ལ་འབད་བརྩོན་བྱེད་དགོས་པ་དང་ཐོན་ལས་རྣམ་གྲངས་དང་མང་ཚོགས་དབུལ་པོའི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་འབྲོག་མང་ཚོགས་རྣམས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་མ་འཇོག་མཁན་དང་། འཛུགས་སྐྲུན་མཁན། ཞུགས་མཁན། ཕན་པ་ཐོབ་མཁན་བཅས་སུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ས་མདོ་དབུལ་སྐྱོར་གསར་སྤེལ་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ནི་རི་བོ་ཆེ་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཆེ་ཤོས་ཤིག་ཡིན་པ་དང་དེར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་དུད་ཚང་682ཀྱི་མི་3083བཀོད་སྒྲིག་བྱས་ཡོད་པ་རེད། ཀྲོང་ཡན་གྱིས་གནས་སྤོས་དུད་ཚང་སྒྲོལ་དཀར་གྱི་ཁྱིམ་དུ་ཕེབས་པ་དང་། སྒྲོལ་དཀར་གྱི་ཁྱིམ་དུ་གཙང་སྦྲ་དོད་པ་དང་བོད་བཟོའི་ཁྱིམ་ཆས་གསར་རྐྱང་ཡིན་པ་མ་ཟད། ཁྱིམ་སྤྱོད་གློག་ཆས་ཆ་ཚང་པོ་ཡོད་པ་དང་ལྷག་པར་དུ་གཙོ་འཛིན་གྱི་སྐུ་པར་ཚོམས་ཆེན་གྱི་མངོན་གསལ་དོད་ཤོས་སུ་བཀལ་ཡོད་པ་རེད། ཀྲོང་ཡན་གྱིས“ཁྱིམ་དུ་མི་ག་ཚོད་ཡོད་དམ། ལས་ཀ་ཡོད་དམ། ལོ་རེར་ཡོང་འབབ་ག་ཚོད་འདུག་གམ། ད་ཆ་ད་དུང་དཀའ་ངལ་གང་འདུག་གམ”ཞེས་བཀའ་འདྲི་གནང་བར་སྒྲོལ་དཀར་གྱིས“ཁྱིམ་དུ་མི་6ཡོད། ཕྲུ་གུ་བཞི་ནས་གསུམ་སློབ་གྲྭར་གཏོང་གི་ཡོད། བཟའ་ཟླ་ཁ་ལོ་བ་ཡིན་པ་དང་ང་དང་བུ་མོ་རྒན་ཤོས་ཀྱིས་དུས་རྒྱུན་ཉིན་གླ་རྒྱུག་པ་སོགས་བྱས་ནས་ཁྱིམ་དུ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་4ཙམ་འདུག དེ་སྔོན་ང་ཚོ་རྫོང་གྲོང་དུ་གླ་པ་རྒྱུག་སྐབས་ནང་མི་ཚང་མ་གཙང་འགྲམ་དུ་ཤིང་ཁང་བརྒྱབ་ནས་སྡོད་ཀྱི་ཡོད། དཀའ་ངལ་ཆེ་ཤོས་ནི་སྡོད་ཁང་གི་གནད་དོན་དེ་རེད། ད་ཆ་སྲིད་གཞུང་གིས་སྡོད་ཁང་གི་གནད་དོན་ཐག་གཅོད་གནང་བར་ཏང་གི་བཀའ་དྲིན་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སེམས་འགུལ་ཐེབས་བཞིན་དུ་བཤད། ཀྲོང་ཡན་གྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལས་བོད་ཀྱི་མི་དམངས་ཚོར་ད་ལྟའི་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་བྱུང་བ་དང་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པ་གསལ་པོ་ཤེས་དགོས་པ་དང་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་ཐབས་ལ་བརྟེན་ནས་བེའུ་མདའ་ཤང་འཕྲོད་བསྟེན་ཁང་དང་རེ་ཤིས་གྲོང་ཚོ་འཕྲོད་བསྟེན་ཁང་དུ་ཕེབས་ནས་སྨན་བཅོས་སྒྲིག་ཆས་དང་། སྨན་རྫས། མི་སྣ་བཀོད་སྒྲིག་བཅས་ཚང་མ་ཚད་ལྡན་ཅན་གྱི་བླང་བྱ་དང་མཐུན་པ་དང་ལྷག་པར་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་100%ཟིན་པ་དང་སྨན་རིན་རྩིས་ཞུ་བྱེད་ཚད་100%ཟིན་པ་མཁྱེན་རྗེས་དགྱེས་ཚོར་ཆེན་པོ་བྱུང་བ་རེད། ཁོང་གིས་གཞི་རིམ་གྱི་སྨན་བཅོས་ལས་དོན་པས་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་བཅངས་ནས་རང་ངོས་ཀྱི་སྨན་བཅོས་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཚོས་ཐག་ཉེ་ས་ནས་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་དགོས་པའི་མངགས་བཅོལ་ཟབ་མོ་གནང་བ་རེད།

    བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས་ད་དུང་རི་བོ་ཆེ་རྫོང་ཨུད་དང་རྫོང་སྲིད་གཞུང་དང་བཞུགས་མོལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།