དབུ་ཤོག>སྲིད་དོན།
  • “བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སློབ་ཁང”དུ་འཆད་ཁྲིད་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-13

    ཚེས་9ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སློབ་ཁང”གཉེར་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་བློ་འདྲི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏུའུ་དབན་ཧྭ་ཡིས་གདན་ཞུས་ལྟར་དམངས་དོན་ཁྲིམས་གཞུང་གི་ཆེད་དོན་ཟུར་ཁྲིད་བྱས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། འོད་ཟེར། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་བཅས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཀྲུའུ་ཡ་ཕིན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཏུའུ་དབན་ཧྭ་ཡིས་དམངས་དོན་ཁྲིམས་གཞུང་གི་དོན་སྙིང་གལ་ཆེན་གྱི་གཙོ་རྐང་དེར་དམིགས་ནས། དམངས་དོན་ཁྲིམས་གཞུང་གི་ཁྲིམས་འཛུགས་བརྒྱུད་རིམ་དང་དུས་རབས་ཀྱི་རིན་ཐང་། ལྟེ་བའི་དོན་སྙིང་། ནང་དོན་གཙོ་བོ་སོགས་གསལ་འགྲེལ་བྱས་ཏེ། ཚང་མར་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་པ་དང་ལག་ལེན་གྱི་གཏིང་ཚད་ལྡན་པའི་ཟུར་ཁྲིད་ཅིག་བྱས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བསྟན་དོན། དམངས་དོན་ཁྲིམས་གཞུང་ནི་ཀྲུང་གོ་གསར་པའི་ཁྲིམས་གཞུང་ལ་མིང་བཏགས་པའི་བཅའ་ཁྲིམས་ཨང་དང་པོ་ཡིན་པས་མི་རབས་འགའི་སེམས་ནུས་གཅིག་ཏུ་འདུས་པ་དང་ཀྲུང་གོ་བའི་རེ་སྒུག་སེམས་ལ་བཅངས་ནས་རྩ་བ་བརྟན་པོ་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་ཤིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་གི་ལམ་ཚད་རྡོ་རིང་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་ཉི་ཤུ་པ་ཆེད་མངགས་གཙོ་སྐྱོང་གནང་སྟེ་དམངས་དོན་ཁྲིམས་གཞུང་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཕྱོགས་ཡོངས་ནས་ཚན་རིག་དང་མཐུན་པའི་བཀོད་སྒྲིག་གནང་བས་ང་ཚོར་མིག་དཔེ་བསྟན་པ་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་རང་རྟོགས་ངང་གཅིག་གྱུར་ཡོང་བ་བྱེད་དགོས།

    དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་དེ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཧུར་བརྩོན་དང་རང་འགུལ་གྱི་སྒོ་ནས་ལས་དོན་སྒྲུབ་པ་དང་ཁྲིམས་བཞིན་རང་འགན་གཙང་སྒྲུབ་ཀྱིས་མཐའ་སྐྱོང་བོད་བརྟན་ཁྲོད་ཀྱི་དམངས་དོན་ཁྲིམས་གཞུང་གི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་ལ་བརྟེན་ནས་དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་དང་གསལ་འགྲེལ་ལས་དོན་གཏིང་ཟབ་སྤེལ་བ་དང་། ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཁེ་ལས། ཚན་པ། དགོན་སྡེ་བཅས་སུ་དམངས་དོན་ཁྲིམས་གཞུང་སྐུལ་འདེད་བཏང་ནས་དམངས་ཡོངས་ཀྱིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་བཏོད་དེ་དམངས་དོན་ཁྲིམས་གཞུང་དེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་བརྩི་སྲུང་ཞུ་བའི་བྱ་སྤྱོད་ཀྱི་ཚད་གཞི་དང་བྱེད་སྒོའི་ཚད་གཞིར་འགྱུར་བ་བྱེད་དགོས། ས་གནས་ཀྱི་རང་བཞིན་ལྡན་པའི་ཁྲིམས་སྲོལ་གཙང་བཤེར་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་དོན་ཁྲིམས་གཞུང་རང་ལྗོངས་སུ་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དེ་བས་ལེགས་པའི་སྒོ་ནས་རྒྱག་དགོས། སྤྱི་ཚོགས་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།