དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-18

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་སྦྲགས། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོ་ཁག་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་པའི་ལས་དོན་སྤེལ་མགྱོགས་སུ་གཏོང་བའི་ཐད་སླར་ཡང་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། “བཟང་པོ་བཞི་ལྡན་གྱི་གྲོང་གསེབ་བགྲོད་ལམ”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་བཀོད་སྒྲིག་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་གནང་བའི་དམངས་སེམས་འདུ་འགོད་དང་དམངས་འཚོའི་འདུ་འགོད་ཅིག་ཡིན་པས།  རང་ལྗོངས་ཀྱིས་ཕྱོགས་ཡོངས་འབྱོར་འབྲིང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཞན་ཆ་བསལ་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་སྐོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཧ་ཅང་ཆེན་པོ་བྱས་ནས་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ཐོག་གྲོང་ཁྱེར་འཕེལ་རྒྱས་དང་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེར་གཏོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འགག་སྒྲོལ་བྱེད་པ། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོ་ལྷག་མ་དག་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་ལས་དོན་མགྱོགས་མྱུར་སྤེལ་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་ཏན་ཏིག་འགྲོ་རྒྱུར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་ལེན་བརྟན་པོ་ཡོང་བ་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། གཅིག་ནས་ལས་ཀའི་འགན་འཁྲི་ནན་དུ་གཏོང་དགོས་པ་སྟེ། གཏོགས་ཁོངས་ཀྱི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ལས་དོན་མི་སྣའི་སློབ་གསོ་གསོ་སྦྱོང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། འགྲོ་ལམ་བདེ་འཇགས་ཀྱི་འགོག་སྲུང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། འགྲུལ་སྐྱེལ་རླངས་འཁོར་གྱི་ལས་གཉེར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། སྔོན་གཏན་འཁེལ་བའི་བཀོད་སྒྲིག་དང་དུས་ཚོད་ཀྱི་མྱུར་ཚད་ལྟར་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ཀྱི་དམིགས་ཚད་ལེགས་འགྲུབ་ཡོང་རྒྱུའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་སྟེ། འདི་ལོའི་ཟླ་བཞི་པར་བཏོན་པའི《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁ་གསབ་ལག་བསྟར་ཞིབ་སྲོལ》དོན་འཁྱོལ་ནན་པོ་བྱས་ནས་ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་ནུས་པ་དངོས་འབྲེལ་འདོན་སྤེལ་ཡག་པོ་བྱས་ཏེ། འདི་ལོར་གྲོང་གསེབ་ཏུ་འགྲུལ་སྐྱེལ་རླངས་འཁོར་400ཡན་མང་དུ་གཏོང་རྒྱུའི་སྔོན་དཔག་དམིགས་ཚད་མངོན་འགྱུར་གང་ཐུབ་ཡོང་བ་བྱས་ནས་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པ། གསུམ་ནས་རྗེས་འདེད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་དོན་གྱི་འཕེལ་རིམ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཐོག་ལྷག་པའི་གནད་དོན་ཁག་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། རྗེས་འདེད་བསྒྲུབ་སྐུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་དོན་ཚན་ཁག་གིས་རྗེས་འདེད་དང་ཆེད་དོན་ལྟ་སྐུལ་སློབ་སྟོན་བྱས་ཏེ། གྲོང་གསེབ་ཏུ་འགྲུལ་སྐྱེལ་རླངས་འཁོར“ཤར་གཏོང་ཐུབ་པ་དང་། གནས་ཐུབ་པ། རྒྱུན་མཐུད་ཆོག་པ”བཅས་ཡོང་བའི་འགན་ལེན་བྱེད་དགོས་པ། བཞི་ནས་བདེ་འཇགས་ངང་ལས་གཉེར་ཐུབ་པའི་འགན་ལེན་བྱེད་དགོས་པ་སྟེ། བདེ་འཇགས་ཐོན་སྐྱེད་དེ་དུས་དང་རྣམ་པ་ཀུན་ཏུ་ཨང་དང་པོར་བཞག་ནས། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁྲོམ་རའི་ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། བདེ་འཇགས་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མྱུར་ཚད་དང་ཤོང་ཚད་ལས་བརྒལ་བ་དང་ཡང་ན་ངལ་དུབ་འཁོར་གཏོང་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ཐག་གཅོད་ནན་པོ་བཅས་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པ། ལྔ་ནས་དཔྱད་ཞིབ་ལ་ལྟ་སྐུལ་ནན་པོ་བྱེད་དགོས་པ་སྟེ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལས་གཉེར་ཞབས་ཞུའི་དཔྱད་ཞིབ་ལམ་ལུགས་བཙུགས་ནས་ཆ་འཕྲིན་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་དང་སྤུས་ལེགས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཁག་ཞིང་འབྲོག་མང་ཚོགས་ཀྱི་ཕྱིར་སྐྱོད་གདམ་ག་དང་པོར་འགྱུར་བར་བྱས་ཏེ། བྱ་བ་བཟང་པོ་སྒྲུབ་པ་དང་བྱ་བ་དངོས་ཡག་པོ་བསྒྲུབས་ནས་མང་ཚོགས་བློ་ཡིད་ཚིམ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།