དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་འཛུགས་སྐྱོང་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-16

    ཉེ་དུས། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་འཛུགས་སྐྱོང་གི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་ཀའི་བླང་བྱ་སྔར་བས་གསལ་བཟོ་དང་། འགན་ནུས་ཁག་བགོས་སྔར་བས་ལེགས་སྒྲིག་དང་བཟང་སྒྲིག མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་ཕྱོད་དང་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་ཀྱི་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། འོད་ཟེར། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། ཝང་ཅུན་བཅས་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཉེ་བའི་ལོ་ཤས་རིང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ། ལས་ཁུངས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཞབས་ཞུ་འགན་ལེན་གྱི་ཆུ་ཚད་གོང་མཐོར་ཧུར་ཐག་གཏོང་བ།“ཞབས་ཞུ་གསུམ”གྱི་འགན་ནུས་ལག་ལེན་ཧུར་ཐག་བསྟར་བ་དང་དེ་བཞིན་སྔ་རྗེས་རྒྱུན་མཐུད་དང་། འབྲེལ་གཏུག་མཐུན་སྦྱོར། ཇུས་འདོན་ལས་རོགས། ཆ་འཕྲིན་བརྒྱུད་སྤེལ་སོགས་ཀྱི་ནུས་པ་བཏོན་པ་བཅས་ཀྱི་སྒོ་ནས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་ཁག་ཕན་འབྲས་ ཆེ་བའི་སྒོ་ནས་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད།

    ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། བློ་བཟང་རྒྱལ་མཚན་གྱིས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱས་ཏེ་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ་བཅས་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་བར་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འགན་འཁྲི་སྔར་བས་གསལ་པོ་བཟོ་བ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཁུངས་ཀྱི་ལས་དོན་ཁག་སྔར་བས་ཚགས་ཚུད་དང་། སྔར་བས་རྩེར་སོན། སྔར་བས་ཡག་པོ་སྒྲུབ་པ་བཅས་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2014ལོར་ཀྲུང་དབྱང་གཞུང་དོན་ཐིང་དུ་བརྟག་ཞིབ་གཟིགས་སྐོར་གནང་སྐབས་བཏོན་གནང་བའི“མཐའ་འཁྱོངས་ལྔའི”བླང་བྱ་གཞིར་བཟུང་ལྷག་བསམ་རྣམ་དག་གི་ཆབ་སྲིད་ཀྱི་གཤིས་རྒྱུད་མཐའ་འཁྱོངས་དང་། ཚད་མཐོའི་རང་རྟོགས་ཀྱི་སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས། འགན་འཁྲི་ཡག་པོ་འཁུར་བའི་ལས་ཀའི་སྤྱོད་ཚུལ་མཐའ་འཁྱོངས། གནོང་འགྱོད་སྤུ་ཙམ་ཡང་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མཐའ་འཁྱོངས། སྤྱོད་གཙང་རང་འདོམས་ཀྱི་ཀུན་སྤྱོད་ཡག་པོ་མཐའ་འཁྱོངས་བཅས་བྱས་ནས“ཞབས་འདེགས”ཞུ་བར་དམ་པོར་དམིགས་ཏེ་ལས་དོན་སྤེལ་བ་དང་། ལས་བྱེད་པའི་བྱང་ཚད་ལེགས་སུ་གཏོང་བ། ལས་ཕྱོད་གོང་མཐོར་གཏོང་བ། ཞབས་འདེགས་ཀྱི་སྤུས་ཚད་གོང་མཐོར་གཏོང་བ་བཅས་ཀྱིས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་སྤྱི་ཡོངས་ཀྱི་ཆུ་ཚད་གོང་མཐོར་ཤུགས་ཆེན་གཏོང་དགོས། གསུམ་ནས་ལས་ཀ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་ཀྲུའུ་རེན་ཚོགས་འདུའི་ཐོག་གཏན་ལ་ཕབ་པའི་དོན་གནད་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ཇི་མ་ཇི་བཞིན་ལག་ལེན་ཡག་པོ་བསྟར་བ་མ་ཟད། དོན་འཁྱོལ་ལ་དམ་འཛིན་དང་ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་བྱེད་པ་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ཏེ་ལྟ་སྐུལ་ཞིབ་བཤེར་དང་། མཐུན་སྦྱོར། འབྲེལ་གཏུག་བཅས་ཀྱི་ལས་ཀའི་རྩ་འཛུགས་ཀྱི་འགོ་ཁྲིད་དང་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཐབས་ཇུས་དང་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པའི་འགན་ལེན་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་གོམ་སྟབས་གསར་པ་སྤོས་ཏེ་བྱས་རྗེས་གསར་པ་འཇོག་ཐུབ་པ་དང་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་དུས་རབས་གསར་པར་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ལ་རམ་འདེགས་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།