དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-08

    ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་6ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་2019ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་ལ་ཕྱོགས་སྡོམ་གནང་བ་དང་2020ལོའི་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་གྱི་གཙོ་གནད་དང་ཚོང་གཉེར་ཁོར་ཡུག་ལེགས་གཏོང་ལས་དོན་གྱི་ཇུས་གཞིར་གྲོས་ཞིབ་གནང་བ་རེད།

    ཚོགས་འདུའི་ཐོག་འདི་ལོའི་ཚོང་འགུགས་མ་འདྲེན་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་པས་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱས་ཏེ། དཀའ་ངལ་བསུ་བཞིན་མདུན་སྐྱོད་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། ཚོང་འགུགས་མ་འདྲེན་གྱི་དམིགས་ཚད་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་དམིགས་པ། མཐོ་སློབ་སློབ་ཐོན་སློབ་མ་དང་ས་གནས་དེ་གའི་ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས། འདི་ལོའི་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་དམིགས་ཚད་དང་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་ནས་ཚོང་འགུགས་མ་འདྲེན་ལས་དོན་ལ་སྐུལ་འདེད་གཏོང་དགོས། གཅིག་ནས་རྣམ་གྲངས་གྲབས་གསོག་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་དམིགས་ནས་སྦྲེལ་ཐག་འཛུགས་པ་དང་། སྦྲེལ་ཐག་གསབ་པ། སྦྲེལ་ཐག་དམ་དུ་གཏོང་བ་བཅས་བྱས་ནས“གང་ཞིག་ཚོང་འགུགས་བྱེད་མིན”གྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། གཉིས་ནས་ཁུལ་ཁོངས་རང་བཞིན་གྱི་གནས་གཏན་འཁེལ་གྱི་ཚོང་འགུགས་ལས་དོན་སྤེལ་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་བཅས་ཁུལ་ཁོངས་ཆེན་པོ་གསུམ་དང་དེ་བཞིན་སི་ཁྲོན་སོགས་ཉེ་འཁོར་གྱི་ཞིང་ཆེན་རང་སྐྱོང་ལྗོངས་ལ་དམ་པོར་དམིགས་ནས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་བོད་སྐྱོར་ཀྲུང་དབྱང་ཁེ་ལས་དང་མཉམ་ལས་གཏིང་ཟབ་བྱས་ནས“ས་ཆ་གང་དུ་ཚོང་འགུགས་བྱེད་མིན”གྱི་གནད་དོན་ཐག་གཅོད་བྱེད་དགོས་པ། གསུམ་ནས་གླིང་ཁུལ་གྱི་ཐེག་ནུས་ཆེ་རུ་བཏང་ནས་ཐོན་ལས་ཀྱི་གཞི་རྒྱུའི་ཐོན་ཁུངས་བསྡུ་ལེན་དང་གཅིག་སྡུད་ནུས་པ་ཆེ་རུ་གཏོང་བ་དང་། ལེགས་ཆའི་ཁེ་ལས་དང་རྣམ་གྲངས་གལ་ཆེན་རིགས་ཁག་གི་གསར་སྤེལ་ཁུལ་དུ་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ“གང་དུ་དོན་འཁྱོལ་བྱེད་མིན”གྱི་གནད་དོན་ཐག་གཅོད་བྱེད་དགོས། བཞི་ནས་གནད་སྨིན་དང་ཏན་ཏིག་གི་སྒོ་ནས་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་གལ་ཆེན་ཡག་པོ་གཉེར་བ་དང་། རང་འགུལ་ངང“སྤྲིན་ཚོམ་ཚོང་འགུགས”དང“དྲ་ཐོག་ཚོང་འགུགས”སོགས་བྱེད་ཐབས་གསར་པ་སྤྱད་ནས་ཆེད་ལས་ལ་བརྟེན་ནས་ཚོང་འགུགས་དང་། ཚོང་ལས་ལ་བརྟེན་ནས་ཚོང་འགུགས། འགྲེམས་སྟོན་ལ་བརྟེན་ནས་ཚོང་འགུགས་བཅས་བྱས་ཏེ། “ཇི་ལྟར་ཚོང་འགུགས་བྱེད་དགོས་མིན”གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།