དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཚོགས་འདུ་ཐེངས་དགུ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-06

    ཟླ་4ཚེས་30ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ་ཉེ་དུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། 2019ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་བྱས་ཚུལ་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཁྱབ་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་བསམ་འཆར་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ། སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”དག་ཐེར་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་བསུ་བར་སླར་ཡང་བཀོད་སྒྲིག་བྱས་པ་བཅས་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་དམ་འཛིན་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་བསུ་རྒྱུའི་སྐོར་ལ་བཀོད་སྒྲིག་གནང་བ་རེད། 

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་། དབང་ཧའེ་ཀྲོའུ། འཇམ་དཔལ་བཅས་ཕེབས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། དེང་སྐབས་རང་ལྗོངས་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་དབུལ་སྐྱོར་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ཏེ་སྐོར་གཟིགས་དག་ཐེར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམས་པའི་རྒྱུགས་ལན་ཞིག་འབུལ་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དག་ཐེར་གྱི་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་སྐོར་གཟིགས་དག་ཐེར་གྱི་དུས་སྨད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་འགན་འཁྲི་ཁ་གསལ་གྱིས་དག་ཐེར་ལ་དམ་འཛིན་བྱས་ཏེ་ཧྲུའུ་ཅིས་དམ་འཛིན་དང་ཧྲུའུ་ཅིར་དམ་འཛིན་མཐའ་འཁྱོངས་ཀྱིས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན་གཏིང་ཟབ་དང་ཏན་ཏིག་བྱེད་དགོས་པ་དང་། གཉིས་ནས་གཅིག་ཤེས་ཀུན་གྲོལ་གྱིས་དག་ཐེར་ལ་དམ་འཛིན་བྱས་ཏེ་བརྒྱུད་རིམ་ལྡན་པའི་དག་ཐེར་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་དཔྱད་གཞིར་གནད་དོན་དཔྱིས་ཕྱིན་པ་འཚོལ་བ་དང་གནད་དོན་དངོས་སུ་ཐག་གཅོད་ཡག་པོ་དང་བསྐྱར་དུ་མི་ཐོན་པ་བྱེད་དགོས་པ། གསུམ་ནས་གནད་སྨིན་ཇུས་འདོན་གྱིས་དག་ཐེར་ལ་དམ་འཛིན་བྱེད་པ་དང་གནད་དོན་ལ་ལྟ་བསྡུར་གྱིས་རེ་རེ་བཞིན་དབྱེ་ཞིབ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་རྣག་ཐོག་བཙག་འཁེལ་བྱེད་པ་དང་གནད་འཕིགས་ཐིགས་ཆུ་གཏོང་བ་དང་འབེན་གཏད་གསོ་བཅོས་བྱེད་དགོས་པ། བཞི་ནས་ཞན་ཆ་སེལ་བ་དང་དག་ཐེར་ལ་དམ་འཛིན་བྱས་ཏེ་ཕྱོགས་ཁག་གི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དང་ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་སྒྲིལ་ཤུགས་ཆེན་བྱས་ཏེ་ཞན་ཆ་སེལ་ཤུགས་ཆེ་རུ་གཏོང་དགོས་པ། ལྔ་ནས་སྒྲིག་སྲོལ་ལམ་ལུགས་བཙུགས་ཏེ་དག་ཐེར་ལ་དམ་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་དབར་འབྲེལ་མཐུད་ནུས་ལྡན་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་རྗེས་མཐུད་རོགས་སྐྱོར། བལྟོས་བཅས་དབུལ་པོ་ཡིན་པའི་གནད་དོན་ཐག་གཅོད་སོགས་ཀྱི་འབྲེལ་ཡོད་འགག་རྩར་དམིགས་ནས་ཕུགས་ཕན་ལམ་སྲོལ་སྔར་བས་འཛུགས་དགོས་པ་བཅས་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་གྲུབ་འབྲས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ལྟ་སྐུལ་མཛུབ་སྟོན་དང་མཛུབ་ཁྲིད་ཟུང་འབྲེལ་བྱས་ཏེ་ནན་པོ་ཨང་དང་པོར་འཇོག་པ་དང་ལྟ་སྐུལ་མཛུབ་ཁྲིད་དང་དམག་འཐབ་གཞི་གཅིག་མཐའ་འཁྱོངས་བྱས་ཏེ་ལྟ་བཤེར་ཞིབ་ཚགས་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱས་ཚུལ་དང་། དག་ཐེར་གྱི་འཕེལ་རིམ་གནས་ཚུལ། ཐོབ་པའི་གྲུབ་འབྲས། ལྷག་པའི་གནད་དོན་དང་དཀའ་ངལ་སོགས་གཙོ་གནད་དུ་ཁོང་དུ་ཆུད་པ་བྱས་ཏེ་ལྟ་སྐུལ་ནན་པོ་བྱས་ཏེ་དག་ཐེར་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པ་དང་། རིགས་ཁག་གི་གནད་དོན་དག་ཐེར་ལ་སྤྱི་འདོམས་སྐུལ་འདེད་དང་། སྐོར་གཟིགས་དག་ཐེར་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྤྱི་འདོམས་སྐུལ་འདེད། སྐོར་གཟིགས་དག་ཐེར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཅས་བྱས་ནས་གོམ་སྟབས་གཅིག་མཚུངས་ཀྱིས་དོན་འཁྱོལ་དང་། ཕན་ཚུན་སྐུལ་འདེད། ཕན་འབྲས་ཐོན་པ་བཅས་བྱས་ཐོག་སྐོར་གཟིགས་དག་ཐེར་གྱི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།