དབུ་ཤོག>སྲིད་དོན།
  • 2019ལོའི་ལོ་འཁོར་གྱི“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི”དང་། “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ”“ལྗོངས་ཡོངས་ཀྱི་ལྔ་བཞིའི་དར་དམར་སྡེ་ཨུད(སྡེ་ཚོགས་ཀྲི་པུའུ)”བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-05

    ལྗོངས་ཏང་ཨུད་དང་སྡེ་ཚོགས་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་2019ལོའི་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་གཞོན་ནུའི་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། རང་སྐྱོང་ལྗོངས་ཏང་ཨུད་དང་སྡེ་ཚོགས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བཅས་བྱས་ཡོད། དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྒྱུར་བཅོས་ཀྱི་འགག་སྒྲོལ་གཏིང་ཟབ་ཏུ་གཏོང་བ་དང་སྡེ་ཚོགས་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་གུང་གཞོན་སྡེ་ཚོགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་སྡེ་ཚོགས་ཀྱི་གཞོན་ནུ་ཚོགས་མིས་ལང་ཚོའི་སེམས་པ་ཏང་ལ་ཕྱོགས་པ་དང་དུས་རབས་གསར་པར་བྱས་རྗེས་བཞག་ཐོག་སྡེ་ཚོགས་ཀྱི་ལས་དོན་དང་བྱ་གཞག་ཁག་ལ་འཕེལ་རིམ་གསར་པ་བྱུང་ཡོད། རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་དང་སྡེ་ཚོགས་ཀྱི་ལས་བྱེད་པ། རིམ་ཁག་སྡེ་ཚོགས་རྩ་འཛུགས་བཅས་ཀྱིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བ་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་ཧུར་ཐག་བྱས་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་སྟོབས་གསར་དམག་དང་འཕྲལ་རྒོལ་རུ་ཁག་གི་ནུས་པ་བཏོན་ཡོད། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགོག་རྒོལ་དམག་འཐབ་རྒྱག་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་དང་། རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི། སྡེ་ཚོགས་ཀྱི་ལས་བྱེད་པ་བཅས་ཀྱིས“ཏང་ལ་འབོད་སྐུལ་ཡོད་པ་དང་སྡེ་ཚོགས་ལ་བྱ་སྤྱོད་ཡོད་པའི”ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཧུར་ཐག་བཏང་ནས་བྱ་སྤྱོད་མྱུར་དུ་སྤེལ་བ་དང“གཞོན་ནུ་འཕྲལ་རྒོལ་རུ་ཁག”དང་། ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ། གཞོན་ནུ་དང་བླངས་པ་བཅས་སྒྲིག་འཛུགས་ཧུར་ཐག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་རང་ལྗོངས་ཀྱི་གཞོན་ནུའི་འགན་འཁྲི་ཁུར་སེམས་མངོན་ཡོད་ལ་སྔོན་ཐོན་དཔེ་མཚོན་འབོར་ཆེན་ཞིག་ཀྱང་ཐོན་ཡོད།

    སྔོན་ཐོན་ལ་གཟེངས་བསྟོད་དང་། མིག་དཔེ་གཏོད་པ། རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་དང་། སྡེ་ཚོགས་ཀྱི་ལས་བྱེད་པ། རིམ་ཁག་སྡེ་ཚོགས་རྩ་འཛུགས་བཅས་ཀྱིས་འབད་འབུངས་ཆེར་བསྐྱེད་དང་སླར་ཡང་བྱས་རྗེས་བཏོད་དེ་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་ཆེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཟླ་བ་སོགས་བློ་མཐུན་65ལ་2019ལོའི་ལོ་འཁོར་གྱི“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་། ལིའུ་ཆན་སོགས་བློ་མཐུན་56ལ་2019ལོའི་ལོ་འཁོར་གྱི“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ”དང“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ་སྟེ་གྲོང་སྡོད་ལ་ཆེད་དམིགས”སོགས་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཨུ་ཡོན་ལྷན་ཁང་སོགས་གཞི་རིམ་སྡེ་ཚོགས་རྩ་འཛུགས་78ལ་2019ལོའི་ལོ་འཁོར་གྱི“ལྗོངས་ཡོངས་ཀྱི་ལྔ་བཞིའི་དར་དམར་སྡེ་ཨུད(སྡེ་ཚོགས་ཀྲི་པུའུ)”ཡི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད།

    2020ལོའི་ཟླ་1པོར་སོག་རྫོང་དཀར་སྨད་ཤང་མི་དམངས་སྲིད་གཞུང་གི་ལས་བྱེད་པ་བློ་མཐུན་སྤེན་པ་དོན་གྲུབ་ཀྱིས་དཀར་སྨད་ཤང་རམ་ཆེན་ནང་གྲོང་ཚོར་བཅའ་སྡོད་བྱེད་རིང་གཞུང་དོན་དུ་རང་སྲོག་ཤོར་བ་དང་བློ་མཐུན་དེས་སེམས་ནང་མང་ཚོགས་བཅངས་པ་དང་གཞི་རིམ་དང་སེམས་པ་གཅིག་ཏུ་སྦྲེལ་ནས་ཐོག་མཐའ་བར་གསུམ་དུ་མང་ཚོགས་བློ་ཡིད་ཚིམ་མིན་དང་། ཁས་ལེན་མིན། བརྩི་བཀུར་བྱེད་མིན་བཅས་རང་ཉིད་ཀྱི་ལས་དོན་གྱི་ཕྱོགས་སྟོན་དུ་བརྩིས་ནས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིས་གཞི་རིམ་ལ་གཞི་ཚུགས་པ་དང་དཀའ་སྤྱད་སྙིང་རུས་ཀྱིས་འབད་འཐབ་བྱེད་པའི་ལེགས་སྐྱེས་ཀྱི་སྙིང་སྟོབས་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་གང་ལེགས་མངོན་ཡོད། སྡེ་ཚོགས་བོད་ལྗོངས་ཆུས་ཨུད་ཀྱིས་བློ་མཐུན་སྤེན་པ་དོན་གྲུབ་ལ“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིའི”མཚན་སྙན་རྗེས་སྤྲོད་བྱས་པ་རེད།

    རེ་བར་གཟེངས་བསྟོད་ཐོབ་པའི་སྡེ་ཚོགས་ཀྱི་ཚོགས་མི་དང་། སྡེ་ཚོགས་ཀྱི་ལས་བྱེད་པ། གཞི་རིམ་གྱི་སྡེ་ཚོགས་རྩ་འཛུགས་བཅས་ཀྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ཡག་པོ་བཏོན་སྟེ་གཟི་བརྗིད་མཚན་སྙན་འགོ་འཛུགས་སར་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་དགོས། རེ་བར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་སྡེ་ཚོགས་དང་། སྡེ་ཚོགས་ཀྱི་ལས་བྱེད་པ། རིམ་ཁག་སྡེ་ཚོགས་རྩ་འཛུགས་བཅས་ཀྱིས་སྔོན་ཐོན་དཔེ་མཚོན་མིག་དཔེར་འཛིན་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་ཧུར་ཐག་བྱས་ཐོག་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས།

    2020ལོའི་ཟླ་5ཚེས་4ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།