ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་གཞི་རིམ་སྲིད་གྲོས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་། སྣ་དཀར་རྩེ་རྫོང་གི་གཞི་རིམ་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་དང་བཞུགས་མོལ་གནང་ནས་གཞི་རིམ་སྲིད་གྲོས་ལས་དོན་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གནང་བ་དང་འབྲེལ། གཞི་རིམ་སྲིད་གྲོས་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད་གནང་བ་རེད།
བསྟན་ཁོས་དགོངས་པ་གསར་པ་སློབ་སྦྱོང་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་དགོས། དུས་རབས་གསར་པའི་སྲིད་གྲོས་ལས་དོན་པས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་འོག་ལས་དོན་སྤེལ་ཏེ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་ནས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་འགན་ལེན་བྱེད་དགོས། དགོངས་པ་གསར་པར་གོ་བ་བླངས་ནས་ངོ་བོའི་ངེས་གནས་སྔར་བས་ཁ་གསལ་བཟོ་དགོས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་གོ་བ་ལོན་པ་དང་ཁོང་དུ་ཆུད་པ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ངེས་གནས་གསར་པ་དང་ཕྱོགས་གཉིས་ནས་ཤུགས་སྣོན་རྒྱག་པའི་ལས་ཀའི་འགན་འཁྲིའི་སྙིང་བསྡུས་གསར་པར་གོ་བ་གཏིང་ཟབ་ལེན་པ། “ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི”བླང་བྱ་གལ་ཆེན་དང“གཙོ་བོ་གསུམ”གྱི་ལས་འགན་གསར་པ་མངོན་གསལ་དོད་དུ་གཏོང་བ་བཅས་བྱས་ནས་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་བའི་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས། དགོངས་པ་གསར་པ་ལག་ལེན་བསྟར་ཏེ་འགན་སྒྲུབ་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་ནས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་ཁོང་དུ་ཏན་ཏིག་ཆུད་པ་བྱེད་པ་དང་། གྲོས་མོལ་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ། ཏང་གི་རིགས་པའི་གཞུང་ལུགས་གསར་ཤོས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ། བློ་འདྲི་ཇུས་དོན་གྱི་ཁྱད་ཆོས་མངོན་གསལ་དོད་དུ་དང་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་བ། སྤྱོད་བཟང་གཞུང་དྲང་དང་། སྤྱོད་གཙང་གཞུང་དྲང་། ལས་སྒྲུབ་ལས་གཏོད་བཅས་ཀྱི་མི་དམངས་སྲིད་གྲོས་ཀྱི་རྣམ་པ་ཧུར་ཐག་གཏོད་པ་བཅས་བྱས་ཏེ་རྒྱ་ཆེའི་ཨུ་ཡོན་ལ་སྒྲིག་ཁྲིམས་སྲུང་བ་དང་། སྒྲིག་ལམ་ལ་སྣང་ཆེན། སྤྱོད་ཚུལ་ལ་མཐོང་ཆེན་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།