དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-22

     ཟླ་4ཚེས་12ཉིན་ནས་ཚེས་19ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་རླངས་འཁོར་ནང་བཞུགས་ཏེ་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དང་། བཞད་མཐོང་སྨོན་རྫོང་། ངམ་རིང་རྫོང་། ས་སྐྱ་རྫོང་། གམ་པ་རྫོང་། གཏིང་སྐྱེས་རྫོང་། པ་སྣམ་རྫོང་བཅས་སུ་ཕེབས་ནས་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བ”དང་2019ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་ཞིབ་ཚུར་ལན་བསམ་འཆར་དག་ཐེར། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་། “ཞིང་གསུམ”ལས་དོན། ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་ཐད་ཆེད་དོན་བརྟག་ཞིབ་གནང་བ་རེད།

    ཉིན་ཤས་བསྟུད་མར། བློ་བཟང་རྒྱལ་མཚན་གྱིས་རྣམ་གླིང་རྫོང་ཨེ་མ་སྒང་མི་ཐབས་གཟན་རྩྭ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་། བཞད་མཐོང་སྨོན་རྫོང་ཇོ་མོ་གླང་མའི་མཐོང་དགའ་བཞད་གཞུང་བོད་བྱ་གསོ་ཚགས་རྟེན་གཞི། ངམ་རིང་རྫོང་བཟང་བཟང་གྲོང་རྡལ་འབྲི་གཡག་གསོ་ཚགས་རྟེན་གཞི། གམ་པ་རྫོང་གམ་པ་གྲོང་རྡལ་སྨོན་སྡེ་གྲོང་ཚོའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་། གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ཧི་མ་ལ་ཡའི་མོག་རོ་ཐོན་སྐྱེད་ཞིབ་འཇུག་རྟེན་གཞི། པ་སྣམ་རྫོང་ཇོ་མོ་གླང་མའི་ཧྭ་ལུའུ་སྣོད་བཅུད་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི།

     པ་སྣམ་རྫོང་འབྲས་ལྡན་གླིང་ཅོན་ཧྲན་བཞོན་མ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་སུ་ཕེབས་ནས། ཕྱུགས་ལས་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ཏེ། ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེར་གཏོང་དང་། ཞིང་འབྲོག་པའི་འབབ་འཕར་སྐོར་གྲོས་བསྡུར་གནང་བ་མ་ཟད། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོ་དང་སྤེལ་རེས་བཞུགས་མོལ་གནང་སྟེ། སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་འཚོལ་ཞིབ་དང་ཐག་གཅོད་གནང་ནས་སྲོལ་རྒྱུན་ཞིང་འབྲོག་ལས་དེ་དེང་རབས་ཞིང་འབྲོག་ལས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།

    གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་བརྟག་ཞིབ་དང་ཐོན་ལས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་མཐོར་གཏོང་དང་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེ་གྲོང་ཁྱེར་དང་རྫོང་དང་ཆུས་ཁག་གིས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ཏན་ཏན་ཏིག་ཏིག་གི་དག་ཐེར་ལས་དོན་གྱི་གྲུབ་འབྲས་ཐོག་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་། མཐའ་ཚད་བསྲུངས་ནས་གྲུབ་ཆ་ལེགས་སྒྲིག་དང་། གཟན་རྩྭའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། གཟན་རྩྭ་ཡག་པོ་བཏབ་ནས་ཕྱུགས་རིགས་གསོ་ཚགས་ཡག་པོ་བྱེད་པ། རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཞན་ཆའི་རྣམ་གྲངས་གྲལ་བཤེར་བྱས་ཏེ་ཉེན་ཁ་འགོག་པ་བཅས་བྱས་ནས་ཚན་རྩལ་ལ་བརྟེན་ནས་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ། གཙོ་གནད་ལ་དམིགས་པ་དང་། དོན་འཁྱོལ་ལ་དམ་འཛིན། ཐོན་སྐྱེད་སླར་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གོ་སྐབས་མི་ཤོར་བར་དཔྱིད་དུས་ཞིང་འབྲོག་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་དགོས་པ། གལ་ཆེའི་ནང་གི་འགངས་ཆེན་ཡིན་པའི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱས་ནས་ལོ་འཁོར་གྱི་འབབ་འཕར་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་པ། “ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཞན་ཆ་གསབ་དགོས་པ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་གྲོང་གསེབ་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་མཐའ་མཚམས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས་པ། གྲོང་གསེབ་དར་རྒྱས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་མཐོར་གཏོང་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྦྲེལ་མཐུད་ལ་སྤྱི་འདོམས་ཇུས་འགོད་བྱས་ཏེ་དུས་བཀག་ལྟར་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་ད་དུང་རྣམ་གླིང་རྫོང་མདོ་བརྗོད་ཤང་སྒྲོན་ཁང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དབུལ་སྐྱོར་འཁོར་ཁང་གི་འཛུགས་སྐྲུན་རྣམ་གྲངས་དང་། ཤངས་ཆུ་ཆུ་བེད་ལས་གྲྭ་སོགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལས་འགོ་བསྐྱར་འཛུགས་གནས་ཚུལ་དང་དེ་བཞིན་བཞད་མཐོང་སྨོན་རྫོང་བཀྲ་ཤིས་དགེ་འཕེལ་དགོན་དོ་དམ་ཨུ་ལྷན་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཆུང་ངུ་འཛུགས་སྐྲུན། སློབ་གྲྭ་འབྲིང་ཆུང་། རྫོང་སྨན་ཁང་སོགས་སུ་བརྟག་ཞིབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།