དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷུན་གྲུབ་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-13

    ཚེས་10ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ལྷུན་གྲུབ་རྫོང་དུ་ཕེབས་ཏེ་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་ལས་དོན་སྐོར་ལ་བརྟག་ཞིབ་དང་། ས་ཆ་དངོས་སུ་ཞིང་འབྲོག་ལས་ཐོན་ལས་དཔེ་སྟོན་གླིང་ལ་གཟིགས་ཞིབ། འབྲི་གཡག་འདེམས་གསོ་དང་། ཞིང་འབྲོག་ལས་ཐད་ཀྱི་ཚན་རྩལ་གསར་གཏོད། སྒྲིག་བཀོད་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་བཅས་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྒྱལ་མཚན་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད། 

    ལྷུན་གྲུབ་རྫོང་གི་འབྲི་གཡག་འདེམས་གསོ་ར་བས་ལོ་མང་རིང་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད་མིག་སྔར་གཟི་ཕུག་གི་འབྲི་གཡག་དང་ཕག་རིའི་འབྲི་གཡག་གི་འདེམས་གསོའི་མ་ལག་གཉིས་ལེགས་སྒྲུབ་བྱས་ཟིན་ཡོད། བློ་བཟང་རྒྱལ་མཚན་གྱིས་འབྲི་གཡག་རྒྱུད་བཟང་འདེམས་གསོ་དང་། རྒྱུད་སྤེལ། རྒྱགས་གསོ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཁར་ལག་རྩལ་གྱི་རིགས་གཅིག་མཁས་ཅན་དང་སྤེལ་རེས་ཟབ་མོའང་གནང་ནས་ཁོང་ཚོའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་རེད། བློ་བཟང་རྒྱལ་མཚན་གྱིས། ཁྲོམ་རའི་དགོས་མཁོར་དམིགས་ཏེ་ཐོན་སྐྱེད་གོང་འཕེལ་དང་། རྒྱུད་བཟང་ཁྱབ་གདལ། ཉེར་སྤྱོད་ལག་རྩལ་ཁྱབ་གདལ་བཅས་གཏོང་དགོས་པ་དང་། ཞིང་འབྲོག་ཐོན་ཟོག་ལ་ལས་སྣོན་ཞིབ་ཚགས་བྱས་ཏེ་ཐོན་ལས་འཁོར་འབྲེལ་རིང་དུ་གཏོང་བ་དང་ཟུར་སྣོན་རིན་ཐང་མང་དུ་བཏང་ནས་གཞི་ཁྱོན་དང་ཕན་འབྲས་མཉམ་སྒྲུབ་བྱེད་དགོས། འབྲོག་ལས་ཚན་རྩལ་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་ཚད་གཞི་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་གསོ་ཚགས་མངོན་འགྱུར་ཐུབ་པར་བྱས་ཏེ་འབྲོག་ལས་ལེགས་ལ་མྱུར་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

    བློ་བཟང་རྒྱལ་མཚན་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་དུ་ཕེབས་ནས་ཕྱུགས་ཚང་དང་གཟན་ཆག་གི་མཛོད་སོགས་ལ་གཟིགས་ཞིབ་གནང་བ་རེད། 

    དེ་རྗེས་འཚོགས་པའི་ལྷུན་གྲུབ་རྫོང་གི་འབྲི་གཡག་ཐོན་ལས་དཔེ་སྟོན་ཚོད་ལྟར་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ས་གནས་ཐོག་གི་ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་གྱིས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་གཅིག་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གོང་འཕེལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་དང་། བེད་སྤྱོད་གང་ལེགས། བབ་བསྟུན་བེད་སྤྱོད་ཡག་པོ་བྱས་ཏེ་སྲིད་ཇུས་ཀྱི་ཕྱོགས་ཤུགས་ཆེར་གཏོང་གིས་ཞིང་འབྲོག་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་ཁུངས་གཅིག་སྡུད་བྱས་ནས་གཙོ་ཁྲིད་ཐོན་ལས་སྟོབས་ཆེར་གཏོང་བ་དང་། ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། གཉིས་ནས་ཞིང་འབྲོག་ལས་ཀྱི་ཚན་ཞིབ་ཐད་ཀྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་གཟན་རྩྭ་དང་འབྲི་གཡག་འདེམས་གསོ་སོགས་ཀྱི་ཞིང་འབྲོག་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ཐད་ཀྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐད་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། གསུམ་ནས་མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་བསྒྲུབས་ནས་ཁ་ཐང་བའི་མ་དངུལ་དག་མཁོ་སར་སྤྱོད་རྒྱུའི་འགན་ལེན་བྱེད་པ། བཞི་ནས་ཁེ་ཕན་མཉམ་སྦྲེལ་གྱི་ལམ་སྲོལ་གསར་གཏོད་དང་། ཞིང་འབྲོག་ཐོན་ལས་ཀྱི་ཁྲོམ་ར་གཉེར་སྐྱོང་། དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་ལེགས་གཏོང་སོགས་ཀྱི་ཐད་དམ་འཛིན་ཞིབ་ཚགས་ཏན་ཏིག་དང་། དངོས་འཛིན་དངོས་སྒྲུབ། དཀའ་སྤྱད་ལས་སྒྲུབ། འགན་འཁུར་ཕོད་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུར་སྟོབས་ཤུགས་སྔར་བས་ཆེ་བ་སྐྱེས་སུ་འབུལ་བ། ལྔ་ནས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཚོད་ལྟའི་རྣམ་གྲངས་ཀྱི་སྐུལ་སྤེལ་དོན་འཁྱོལ་གྱི་འགན་འཁྲིའི་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་དམིགས་སར་འབྱོར་བའི་འགན་ལེན་གྱིས་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུར་འགན་ལེན་ནུས་ལྡན་བྱེད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།