དབུ་ཤོག>སྲིད་དོན།
  • 《ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པར་ཕྱོགས་ཡོངས་ནས་བཀག་འགོག་དང་། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་སྲོལ་ངན་དོར་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་འགན་ལེན་ཏན་ཏིག་བཅས་བྱེད་པའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》 ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མ..

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-08

    ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་ཉོ་ཚོང་དང་རི་སྐྱེས་སྲོག་ཆགས་གང་བྱུང་དུ་བཟས་ན། རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ལ་གནོད་པ་ཕོག་ནས་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་ལ་མངོན་མེད་རྐྱེན་ངན་ཧ་ཅང་ཆེན་པོ་བཟོ་གི་ཡོད། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། 《ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་ཉོ་ཚོང་ལ་ཕྱོགས་ཡོངས་ནས་བཀག་འགོག་དང་། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་སྲོལ་ངན་དོར་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་འགན་ལེན་ཏན་ཏིག་བཅས་བྱེད་པའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཉོ་ཚོང་གི་བྱེད་སྤྱོད་ལ་ཕྱོགས་ཡོངས་ནས་བཀག་འགོག་དང་ཆད་པ་གཅོད་པ། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་སྲོལ་ངན་མཐའ་གཅིག་ཏུ་དོར་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་ཆེ་རིགས་ལ་དོགས་ཟོན་ནུས་ལྡན་བྱེད་པ་བཅས་བྱ་ཆེད། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཤམ་གསལ་ལག་བསྟར་བསམ་འཆར་འདོན་རྒྱུ་སྟེ།

    གཅིག དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།

    1. བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ས་མཐོའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་། ས་མཐོའི་སྣོད་བཅུད་མུ་མཐུད་དོ་སྙོམས་ཡོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད། ནད་ཡམས་སྔོན་འགོག་དང་ཚོད་འཛིན། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་སྲུང་སྐྱོང་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། དེར་བརྟེན་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་སྐོར་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། བོད་ཀྱི་དམིགས་བསལ་གྱི་འཐབ་ཇུས་ངེས་གནས་ལ་གཞི་ཚུགས་པ། སྐྱེ་དངོས་ཀྱི་བདེ་འཇགས་དང་སྣོད་བཅུད་ཀྱི་བདེ་འཇགས་སྲུང་སྐྱོང་གི་མཐོ་ཚད་དུ་ལངས་པ། མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་བཅས་བྱས་ནས《གཏན་འབེབས》ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་། སྲ་བརྟན་རང་བཞིན། རང་འགུལ་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    2. རིམ་ཁག་མི་དམངས་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མཐའ་འཁྱོངས་བྱས་ཏེ། “སུས་ཁྲིམས་འཛིན་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བླང་བྱ་ལྟར། 《གཏན་འབེབས》སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་དང་ཟུང་འབྲེལ་བྱེད་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སོགས་གཞི་བརྟེན་དུ་བྱས་ཏེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་བཅའ་ཁྲིམས་དང་། ཁྲིམས་སྲོལ། 《གཏན་འབེབས》ཀྱི་དགོངས་དོན་བཅས་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང་དང་གྲོང་རྡལ། གྲོང་ཚོ་ཨུ་ལྷན། སློབ་གྲྭ དཔུང་སྡེ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ། དྲ་རྒྱ་སོགས་སུ་སྒྲོག་སྤེལ་གྱི་བྱེད་སྒོ་སྤེལ་ནས། 《གཏན་འབེབས》བྱས་པའི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོ་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། སྤྱི་པའི་འཕྲོད་བསྟེན་སོགས་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། ཚན་རིག་ཤེས་བྱ་བཅས་ཁྱབ་གདལ་བཏང་ནས། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་སྲོལ་ངན་དོར་བ་སོགས་ཀྱི་ནང་དོན་ལས་རིགས་ཀྱི་བསྲུང་བྱ་དང་། གྲོང་མིའི་སྤྱི་ཆིངས། གྲོང་སྲོལ་དམངས་ཆིངས་བཅས་ནང་བཅུག་ནས་ཚང་མས་ཤེས་པ་བྱེད་དགོས།

    3. མི་དམངས་ཚོགས་པ་དང་། སྤྱི་ཚོགས་རྩ་འཛུགས། སློབ་གྲྭ གསར་འགྱུར་སྨྱན་སྦྱོར་ཁག་གིས་རང་ངོས་ཀྱི་འགན་ནུས་ཀྱི་ལེགས་ཆར་གཞིགས་ཏེ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་བརྡ་ལན་སྤྲོད་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། སྤྱི་པའི་འཕྲོད་བསྟེན་གྱི་བདེ་འཇགས། མི་སྒེར་གྱི་འཕྲོད་བསྟེན་གྱི་གོམས་གཤིས། རི་སྐྱེས་སྲོག་ཆགས་བཟས་པའི་གནོད་འཚེ་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་དགོས། ཚན་རིག་དང་མཐུན་པའི་བདེ་ཐང་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དང་བཟའ་འཐུང་གི་གོམས་གཤིས་ཡག་པོ་དར་སྤེལ་ཧུར་ཐག་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ལ་རི་སྐྱེས་སྲོག་ཆགས་གང་བྱུང་དུ་འཛིན་པ་དང་། གང་བྱུང་དུ་རྔོན་པ། གང་བྱུང་དུ་ཟ་བ་བཅས་ཀྱི་བྱེད་སྤྱོད་ཐུན་མོང་ཐོག་བཀག་འགོག་དང་རང་འགུལ་ངང་ཐེར་འདོན་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

    4. ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྣེ་ཁྲིད་ནས། 《གཏན་འབེབས》སློབ་སྦྱོང་བྱེད་པ་དང་། འདེམས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་ཟབ་སྐྱོད་བྱས་ཏེ་འདེམས་དམངས་ལ་ངོ་ཐུག་གདོང་འཕྲད་ཀྱིས《གཏན་འབེབས》ཀྱི་དགོངས་དོན་དྲིལ་བསྒྲགས་བྱེད་པ། འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས《གཏན་འབེབས》ཀྱི་དགོངས་དོན་དར་སྤེལ་ཧུར་ཐག་གཏོང་མཁན་དང་། སྐུལ་འདེད་ནུས་ལྡན་གཏོང་མཁན། ལག་ལེན་ཧུར་ཐག་བསྟར་མཁན་བཅས་སུ་འགྱུར་བ་བྱེད་དགོས།

    གཉིས། སྲིད་འཛིན་ཁྲིམས་འཛིན་ནན་པོ་བྱས་ནས《གཏན་འབེབས》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས།

    5. རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། 《གཏན་འབེབས》ཀྱི་བླང་བྱ་ལྟར་ཁྲིམས་འཛིན་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་དོ་དམ་གྱི་འགན་འཁྲི་ཁ་གསལ་བཟོ་བ། མཉམ་དུ་སྔོན་འགོག་དང་ཚོད་འཛིན་དང་། མཉམ་དུ་ཇུས་འདོན་དང་སྔོན་འགོག་བྱེད་པའི་བཅོས་སྐྱོང་བྱེད་སྟངས་ཤིག་གཏོད་པ། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས《གཏན་འབེབས》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།

    6.ནགས་རྩྭ་དང་། སྤྱི་བདེ། རང་བྱུང་ཐོན་ཁུངས། ཞིང་ལས་དང་གྲོང་གསེབ། སྣོད་བཅུད་ཁོར་ཡུག་སོགས་སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས་ལ་མཐོང་ཆེན་བྱས་ཏེ། རང་བྱུང་སྲུང་སྐྱོང་ཁུལ་ཁོངས་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁུལ་གལ་ཆེན་ཁག་ལ་དོ་དམ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ། ཁྲིམས་འགལ་གྱིས་ལྐོག་ཏུ་རྔོན་པ་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་སྣང་ཚུལ་འབྱུང་རྩ་ནས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། རི་སྐྱེས་སྲོག་ཆགས་ཀྱི་རིམས་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཕྱུགས་རིགས་དང་བྱ་རིགས་ཀྱི་རིམས་ནད་ལ་ལྟ་ཞིབ་ཚད་ལེན་དང་རིམས་འགོག་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་འགོག་སྲུང་འཛིང་མཐའ་གཅིག་ཏུ་རགས་བརྟན་དུ་གཏོང་དགོས།

    7.འགྲིམ་འགྲུལ་སྐྱེལ་འདྲེན་དང་། ལྕགས་ལམ། མཁའ་འགྲུལ། འགག་སྒོ སྦྲག་སྲིད། ཚོང་དོན་སོགས་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆགས་པ་བྱས་ཏེ། རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་སྐྱེལ་འདྲེན་དང་། འཁྱེར་བ། སྐུར་བ་བཅས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེལ་འདྲེན་དང་། མཛོད་ཉར། ཟོག་འགྲེམས། སྦྲག་སྲིད(མྱུར་སྐྱེལ)སོགས་གཉེར་སྐྱོང་པས་ཆོག་མཆན་མ་ཐོབ་པ་དང་རིམས་ནད་ཞིབ་བཤེར་མ་བྱས་པའི་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཉོ་ཚོང་དང་འཛད་སྤྱོད་བྱེད་པར་ཞབས་ཞུ་མཁོ་འདོན་བྱེད་མི་ཆོག་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཁྲིམས་འགལ་གྱིས་སྐྱེལ་འདྲེན་དང་། འཁྱེར་བ། སྐུར་བ་བཅས་ཀྱི་དོགས་གཞི་ཡོད་པའི་རིགས། ནགས་རྩྭ་དང་། སྤྱི་བདེ། ཁྲོམ་ར་ལྟ་སྐུལ་དོ་དམ། འགག་སྒོ་སོགས་འབྲེལ་ཡོད་སྡེ་ཚན་ལ་དུས་ཐོག་ཏུ་བརྡ་ཐོ་བཏང་ནས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ཀྱིས་འཁོར་རྒྱུག་ལྷུ་ཚིགས་ནང་ཁྱབ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

    8. ཁྲོམ་ར་ལྟ་སྐུལ་དོ་དམ་དང་། ནགས་རྩྭ། སྤྱི་བདེ། གྲོང་ཁྱེར་དོ་དམ། འཕྲོད་བསྟེན་བདེ་ཐང་། སྨན་རྫས་ལྟ་སྐུལ་དོ་དམ། ཞིང་ལས་དང་གྲོང་གསེབ། ཡུལ་སྐོར། དྲ་རྒྱ་དོ་དམ་སོགས་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཟ་རྒྱུ་དམིགས་ཡུལ་དུ་བཟུང་བའི་སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཞིང་ཟོག་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། ཚོང་ཁང་། གསོལ་མགྲོན་ཁང་། ཞིང་ཁྱིམ་སྤྲོ་སྐྱིད་ཁང་སོགས་འཛད་སྤྱོད་བྱ་ཡུལ་དང་དྲ་རྒྱའི་ཉོ་ཚོང་ལས་སྟེགས་སུ་བྲིན་ཚོང་བྱ་རྒྱུ་ཕྱོགས་ཡོངས་ནས་བཀག་འགོག་བྱེད་དགོས།

    9. རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ས་གནས(གྲོང་ཁྱེར)དང་། རྫོང(ཆུས) ཤང(གྲོང་རྡལ)བཅས་ཀྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྲིད་འཛིན་ཁྲིམས་འཛིན་སྡེ་ཚན་དང་སྒྲིག་གཞི་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དོན་འཁྱོལ་གྱིས་མཐའ་མཚམས་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། མཐའ་མཚམས་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ལྐོག་ཚོང་དང་ཁྲིམས་དང་མ་མཐུན་པར་ཉོ་ཚོང་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་ལྟར་མངའ་ཁོངས་ཕྱིའི་ཁྲིམས་འཛིན་སྡེ་ཚན་དང་མཉམ་ལས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས། རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ལྐོག་ཚོང་དང་ཁྲིམས་འགལ་གྱིས་ཉོ་ཚོང་བྱེད་པར་དོགས་ཟོན་དང་རྡུང་རྡེག་གཏོང་བའི་མཐུན་སྦྱོར་ལམ་སྲོལ་འཛུགས་དགོས།

    གསུམ། ཁྲིམས་འཛིན་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས།

    10. ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་ཞིབ་དཔྱོད་ཁང་གིས་གཏུག་བཤེར་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། འཛིན་བཟུང་དང་ཁྲིམས་སྦྱོར་གྱི་ཆ་རྐྱེན་མཐུན་རིགས་ལ་ཁྲིམས་ལྟར་འཛིན་བཟུང་དང་ཁྲིམས་སྦྱོར་མགྱོགས་པོ་བྱེད་དགོས། ཁྲིམས་ཁང་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་རྒྱུའི་གྲོས་འགོ་འདོན་དགོས།

    སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས།

    11. ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཞིབ་གཅོད་བྱེད་སྐབས་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རི་སྐྱེས་སྲོག་ཆགས་རྔོན་བཟུང་དང་དེའི་བཟོས་རྫས། ཉོ་ཚོང་དང་། སྐྱེལ་འདྲེན། དེའི་ཤ་ཟ་བ་བཅས་དང་འབྲེལ་བའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས།

    12. ཁྲིམས་འཛིན་ལས་ཁུངས་ཀྱིས་དྲིལ་བསྒྲགས་སྡེ་ཚན་དང་གསར་འགྱུར་སྨྱན་སྦྱོར་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དཔེ་མཚོན་གྱོད་གཞི་གལ་ཆེན་དུས་ཐོག་ཏུ་དམར་རྗེན་དུ་འདོན་པ་དང་བརྡ་ཁྱབ་བཏང་ནས་ཟིལ་གྱིས་གནོན་ནས་ཉེན་ཟོན་སློབ་གསོའི་དམིགས་ཡུལ་དངོས་འབྲེལ་འགྲུབ་པར་བྱེད་དགོས།

    བཞི། ཁྲིམས་སྐྱོང་རྨང་གཞི་སྲ་བརྟན་དུ་བཏང་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆ་ལག་ཚང་བའི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།

    13. རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་སྤྱི་འདོམས་ཀྱིས་སྒྲིག་འཛུགས་བྱས་ཏེ། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》ལ་སྲིད་གཞུང་ལྷུ་ཚིགས་ཀྱི་བཟོ་བཅོས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཟོ་བཅོས་འཆར་ཟིན་གྱི་གྲོས་གཞི་གང་མགྱོགས་འབུལ་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་དང་བཟོ་བཅོས་ཀྱི་ལས་དོན་དུས་ཐོག་ཏུ་སྤེལ་དགོས།

    14.རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《གཏན་འབེབས》དང་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། ཕྱོགས་བསྡུས་ཇུས་འདོན་བྱས་ཏེ་རང་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་མིང་གཞུང་སྤྱི་འདོམས་ཀྱིས་བཟོ་བ་དང་། ལེགས་སྒྲིག འཐུས་སྒོ་ཚང་དུ་གཏོང་བ་བཅས་དང་། ཆ་ལག་ཚང་བའི་བྱེད་ཐབས་ཞིབ་འཇུག་གིས་བཟོས་ནས་འདོན་པ། ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས《གཏན་འབེབས》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ལ་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་གིས་ཤུགས་རྐྱེན་ཐེབས་པའི་ཞིང་དུད་བརྟན་པོའི་ངང་ལེགས་སྒྲིག་དང་ཐོན་སྐྱེད་བྱེད་སྟངས་སྒྱུར་བར་རང་འགུལ་ངང་རྒྱབ་སྐྱོར་དང་། ཁྲིད་སྟོན། རོགས་རམ་བཅས་བྱེད་དགོས་པ་དང་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཁ་གསབ་རོགས་དངུལ་འོས་འཚམ་སྤྲོད་དགོས།

    15.རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཆེད་དོན་སྙན་སེང་ཉན་ནས་གྲོས་ཞིབ་དང་ཁྲིམས་འཛིན་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྱབ་ཁོངས་སུ་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཁོང་དུ་ཆུད་པ་བྱེད་པ། བསམ་འཆར་དང་གྲོས་འགོ་འདོན་པ། སྲིད་གཞུང་སྡེ་ཚན་གྱི་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ལས་དོན་ལ་རྒྱབ་སྐྱོར་བཅས་བྱས་ནས《གཏན་འབེབས》ཀྱི་དགོངས་དོན་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

    ལྔ། ལུགས་རྙིང་སྲོལ་ངན་དོར་ནས་ཚན་རིག་དང་མཐུན་པའི་བདེ་ཐང་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས།

    16.ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས《གཏན་འབེབས》ཀྱི་བླང་བྱ་ལྟར། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པ་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་བ། འཚོ་བའི་གོམས་གཤིས་ཡག་པོ་དར་སྤེལ་གཏོང་བ་བཅས་བྱས་ནས། སྣོད་བཅུད་སྲུང་སྐྱོང་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། མི་ཕྱུགས་གཉིས་ཀར་ཕོག་པའི་ནད་ཡམས་སྔོན་འགོག་ཧུར་ཐག་བྱས་ཏེ་རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་སྲོལ་ངན་དོར་ནས་ཚན་རིག་དང་མཐུན་པའི་བདེ་ཐང་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས།

    17.ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་བྱུང་ཁམས་ལ་བརྩི་བཀུར་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། 《གཏན་འབེབས》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་འགུལ་ངང་བརྩི་སྲུང་ཞུ་བ། ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། གོམས་སྲོལ་སྒྱུར་བ་བཅས་བྱས་ནས་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།