དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2020-03-30

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ལྷ་ས་གོང་དཀར་གནམ་ཐང་དུ་སྐྱོད་སའི་མགྱོགས་ལམ་རྣམ་གྲངས་དང་། གཙང་བྱང་ཁུལ་གསར་ཚོགས་སྒྲིག་ནུབ་མའི་མཉམ་མཐུད་རྣམ་པའི་སྣོལ་ཟམ་རྣམ་གྲངས། ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་དུམ་བུ་དཀྱིལ་མའི་སྟབས་བདེའི་བགྲོད་ལམ་དང་ཟམ་པའི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཡུལ། ལྷ་སའི་རྒྱལ་ཁབ་རིམ་པའི་ས་ཁོངས་རང་བཞིན་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་འཕྲལ་སྡོམ་སྒྲིག་བཀོད་དངོས་ཟོག་གསོག་འཇོག་ལྟེ་གནས་བཅས་ལ་སྔ་རྗེས་སུ་ཕེབས་ཏེ་འགྲིམ་འགྲུལ་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་དང་ལས་འགོ་བསྐྱར་འཛུགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    དཔྱིད་གསུམ་སྦྲང་ཆར་བབས། རྩི་ཤིང་མྱུ་གུ་རྒྱས། རང་ལྗོངས་ཀྱི་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་མང་པོ་ནས་ཡང“དཔྱིད་ཀའི་སྐྱེ་སྟོབས”མངོན་ཡོད། ཀྲོང་ཡན་དང་བཅས་པ་བཞུགས་པའི་རླངས་འཁོར་རྡོ་ཟེགས་ལམ་བུ་དང་འདམ་རྫབ་ཀྱི་ས་ཆ་བརྒྱུད་ནས་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དངོས་ལ་ཕེབས་ཏེ་ཉེ་དུས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཁར་ཨར་སྐྲུན་མི་སྣ་དང་སྤེལ་རེས་ཀྱང་གནང་ཡོད། “ད་ཆ་ལས་ཡུལ་དུ་ལས་མི་ག་ཚོད་ཡོད་དམ།

     འགོག་སྲུང་དངོས་ཟོག་འདང་གི་འདུག་གམ། ད་དུང་དཀའ་ངལ་ག་རེ་འདུག”ལྷ་སའི་གོང་དཀར་གནམ་ཐང་དུ་སྐྱོད་སའི་མགྱོགས་ལམ་རྣམ་གྲངས་ཀྱི་ལས་ཡུལ་དུ་འགན་ཁུར་བས། ཉེ་ཆར་མི་ཉིས་བརྒྱ་ལྷག་ལོགས་སུ་འཇོག་པའི་དུས་ཡུན་ཐིམ་ནས་རྣམ་གྲངས་འཛུགས་སྐྲུན་ལ་ལོག་ཡོད། འགོག་སྲུང་དངོས་ཟོག་ཀྱང་འདང་གི་འདུག་ཅེས་ཞུས་པར་ཀྲོང་ཡན་གྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་གནང་ཡོད།

    ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་དུམ་བུ་དཀྱིལ་མའི་སྟབས་བདེའི་བགྲོད་ལམ་དང་ཟམ་པ་འཛུགས་སྐྲུན་རྣམ་གྲངས་བསྐྲུན་ཡུལ་གྱི་ཉེན་ཁ་ཆེ་ལ་གཟར་པོ་ཡོད་པ་དང་། ཨར་པོ་བས་འཕྲུལ་འཁོར་ཆེ་གྲས་བཏང་ནས་རི་ལམ་དོག་པོར་སྐྱོད་བཞིན་ཡོད། བཀྲ་ཤིས་ནི་འཛུགས་སྐྲུན་རྣམ་གྲངས་དེར་བསྡུས་པའི་ཡུལ་དེ་གའི་མང་ཚོགས་ཡིན་པ་དང་ཉིན་རེར་ཡོང་འབབ་སྒོར་250ཡོད་ལ་ཟླ་རེའི་གླ་ཆ་ལག་ཏུ་རག་པ་མཁྱེན་སྐབས། ཀྲོང་ཡན་ཐུགས་མགུ་པོ་བྱུང་ཞིང་། ཁོང་གིས་རྣམ་གྲངས་འཛུགས་སྐྲུན་ཚན་པས་ཡུལ་དེ་གའི་མང་ཚོགས་སྔར་བས་མང་བ་ཐག་ཉེ་ས་དང་སྟབས་བདེ་སར་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་སུ་བཅུག་ནས་ཡུལ་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་ཁྲིད་སྟོན་བྱེད་རྒྱུའི་ལྕག་སྐུལ་གནང་བ་རེད།

    བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་དང་དེ་བཞིན་རྣམ་གྲངས་སྐྲུན་འགན་ཚན་པས་རིམས་ནད་སྔོན་འགོག་ཚོད་འཛིན་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་རྩོད་སྒྲུབ་གཅིག་སྡུད་ཀྱི་འབྲེལ་བ་ཐག་གཅོད་གང་ལེགས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཚན་རིག་དང་མཐུན་ལ་ཚད་ལྡན་ངང་དོན་འཁྱོལ་ཡག་པོ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱས་ཏེ་རྣམ་གྲངས་སྤུས་ལེགས་དང་རྣམ་གྲངས་རྩེ་གྲ་ཁག་གཅིག་བསྐྲུན་ནས་དུས་ཚོད་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པར་བྱེད་དགོས། ཡུལ་དེ་གའི་མང་ཚོགས་དང་ཨར་ལས་སྒྲིག་ཆས་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་ཐུབ་པར་བྱས་ནས་ཡུལ་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་མ་ནུས་ལྡན་གཏོང་དགོས། བདེ་འཇགས་དང་། ཞི་མཐུན། བརྟན་ལྷིང་བཅས་ཀྱི་འཛུགས་སྐྲུན་ཁོར་ཡུག་བསྐྲུན་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཐམས་ཅད་ལས་ལྷག་པ་དང་། ཨར་ལས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་བྱེད་པ། མི་རིགས་ཁག་གི་ཨར་པོ་བར་དོ་ཁུར་དང་གཅེས་སྐྱོང་བྱེད་པ། ལས་འཛོལ་སྣ་ཚོགས་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།