དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-20

    རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་17ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཞིབ་འཇུག་གནང་བ་དང་ཆ་རྐྱེན་འཛོམས་པའི་ཤང(གྲོང་རྡལ)དང་སྒྲིག་ཚང་གྲོང་ཚོར་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་གཏོང་བ་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བཏང་གནང་བ་རེད། 

    ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་འགྲུལ་སྐྱེལ་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་ལག་བསྟར་ཞིབ་སྲོལ》སྐོར་གྱི་ལྗོངས་ནོར་སྲིད་ཐིང་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་གནས་ཚུལ་སྙན་སེང་དང་འབྲེལ་ཡོད་སྡེ་ཚན་གྱི་བསམ་འཆར་དང་གྲོས་འགོ་གསན་པ་དང་། གསེད་བཀྲོལ་ནན་པོ་དང་བསྡུ་ལེན་ལུགས་མཐུན་བྱེད་པའི་རྨང་གཞིའི་ཐོག་སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་གོ་རིམ་གཞིར་བཟུང་ཞིབ་མཆན་འགོད་རྒྱུར་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཚོགས་འདུའི་ཐོག གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི《དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་བྱ་སྤྱོད་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་བསམ་འཆར》ནང་བཏོན་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས“2020ལོར་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་སྒྲིག་ཚང་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་80%ཟིན་པའི་བརྩོན་ལེན་བྱ་རྒྱུའི”དམིགས་ཚད་མངོན་འགྱུར་བྱེད་དགོས་པ་བཏོན་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་འགྲུལ་སྐྱེལ་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་ལག་བསྟར་ཞིབ་སྲོལ》ཞིབ་བཟོ་བྱས་པ་ནི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་ཞིང་འབྲོག་མང་ཚོགས་བདེ་འཇགས་དང་། གོང་ཁེ། སྟབས་བདེ་བཅས་ཀྱི་སྒོ་ནས་ཕྱིར་བསྐྱོད་རྒྱུ་འགན་ལེན་བྱེད་པའི་དགོས་མཁོ་ཞིག་ཡིན་པས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་གྲོང་གསེབ་འགྲུལ་སྐྱེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་བས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་སེམས་པ་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་དང་ཆེད་དོན་ཞིབ་འཇུག་བྱེད་པ། ལས་འགན་ཁག་བགོས་དང་སྲིད་ཇུས་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ་གྲོང་གསེབ་འགྲུལ་སྐྱེལ་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་འབྲེལ་ཡོད་ལས་དོན་དོན་འཁྱོལ་ཏན་ཏིག་དང་། དོན་འཁྱོལ་ཞིབ་ཚགས། དོན་འཁྱོལ་གནད་སྨིན་བཅས་ཡོང་བ་བྱེད་དགོས། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་གཙོ་གནད་ལས་དོན་ལ་དམིགས་ཏེ་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་ཀྱིས་དེང་སྐབས་དང་ཡུན་རིང་དེ་བཞིན་དགོས་མཁོ་དང་འཕྲད་སྲིད་པ་བཅས་ལ་ཕན་ཚུན་ལྟ་རྟོགས་ཀྱིས་ཚན་རིག་དང་ལུགས་དང་མཐུན་པའི་སྒོ་ནས་ཁ་གསབ་སྤྲོད་པའི་སྲིད་ཇུས་བཟོས་ཏེ་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ“ཤར་གཏོང་ཐུབ་པ། གནས་ཐུབ་པ། རྒྱུན་མཐུད་ཐུབ་པ”བཅས་ཡོང་བ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ནས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་། ཇུས་འགོད་ལུགས་མཐུན། གནད་སྨིན་ཁ་གསབ་སྤྲོད་པ་བཅས་བྱས་ཏེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ཁྲོད་གནས་པའི“གནད་འགག”དང་། “དཀའ་གནད”“དོགས་གནད”བཅས་ཐག་གཅོད་ཏན་ཏིག་བྱས་ཏེ་ཞིང་འབྲོག་མང་ཚོགས་ཕྱིར་བསྐྱོད་པའི“མཐའ་མའི་འགག་གནད”སེལ་དགོས། མཇུག་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བྱ་བ་བཟང་པོ་ཏན་ཏིག་སྒྲུབ་པ་དང་བྱ་བ་དངོས་ཡག་པོ་བསྒྲུབས་ནས་སྲིད་ཇུས་དང་ལག་བསྟར་ཇུས་གཞི་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པ་བྱས་ཏེ“2020ལོར་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་སྒྲིག་ཚང་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་80%ཟིན་པའི”སྔོན་གཏན་འཁེལ་བའི་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་དང་གྲོང་ཁྱེར་དང་རྫོང་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ནན་པོར་དཀྲིས་ནས་ལྟ་སྐུལ་དང་དཔྱད་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་ཡག་པོ་བྱས་ཏེ་ཁ་གསབ་སྣ་ཚོགས་སྤྲོད་པ་སོགས་རོགས་སྐྱོར་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་ཡག་པོ་བྱེད་པ་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།