དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ཞེ་བརྒྱད་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-19

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ཞེ་བརྒྱད་པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པ་ཟླ་གསུམ་པའི་ཟླ་སྨད་དུ་ལྷ་སར་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། 

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ལི་ཝུན་ཧན། ཉི་མ་ཚེ་རིང་བཅས་དང་། དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཕེབས་པ་རེད། 

    ཀྲུའུ་རེན་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈ཁྲིམས་འགལ་ངང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཉོ་ཚོང་ཕྱོགས་ཡོངས་ནས་བཀག་འགོག་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཤ་གང་བྱུང་དུ་ཟ་བའི་སྲོལ་ངན་མེད་པ་བཟོ་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས〉ལག་ལེན་བསྟར་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱེད་པ་དང་། 《བོད་རང་སྐྱོང་ལྗོངས་འཛུགས་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲོས་གཞིར་གྲོས་ཞིབ་བྱེད་པ། 

    《གཞིས་རྩེ་གྲོང་ཁྱེར་གྱི་ཁྱིར་དོ་དམ་བྱེད་པའི་སྲོལ་ཡིག》དང《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་འབུད་དང་བཙོག་ཆུ་གཙང་སེལ་སྲོལ་ཡིག》ལ་ཞིབ་བཤེར་ཆོག་མཆན་སྤྲོད་པ། 2019ལོའི་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་གནས་བབ་དང་སྣོད་བཅུད་སྲུང་སྐྱོང་དམིགས་ཚད་ལེགས་གྲུབ་བྱས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུར་གྲོས་ཞིབ་བྱེད་པ། གོ་གནས་བསྐོ་འཐེན་ལ་གྲོས་ཞིབ་བྱེད་པ་སོགས་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། 

    ཀྲུའུ་རེན་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2020ལོའི་ལས་ཀའི་གཙོ་གནད་དང་ལྟ་སྐུལ་ལས་དོན་གྱི་འཆར་གཞི་དང་། འཐུས་མིའི་ལས་དོན་གྱི་འཆར་གཞིར་ཞིབ་འཇུག་བྱས་པ་དང་གཞི་རྩའི་ཆ་ནས་གྲོས་འཆམ་བྱུང་བ་རེད། 

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བསམ་བློ་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཐོག ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་པ་དང་། དམངས་གཙོའི་ཁྲིམས་འཛུགས་པ། ཁྲིམས་བཞིན་ཁྲིམས་འཛུགས་པ་བཅས་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ལོ་འཁོར་གྱི་གཙོ་གནད་ཁྲིམས་འཛུགས་རྣམ་གྲངས་སྒྲིག་འཛུགས་ལག་བསྟར་ནན་ཏན་བཅས་བྱས་ནས། ཁྲིམས་འཛུགས་སྤུས་ཚད་དང་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་དང་། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་པོར་དམིགས་པ། ལྟ་སྐུལ་ལས་དོན་གྱི་བྱེད་ཐབས་ལེགས་སུ་གཏོང་བ། ལྗོངས་ཡོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པས་སྣེ་ཁྲིད་ནས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱེད་རྒྱུར་སྐུལ་འདེད་བཏང་ནས། “སྲིད་གཞུང་གཅིག་དང་ཨུ་ལྷན་གཅིག་ཁང་གཉིས”ཀྱིས་ཁྲིམས་བཞིན་སྲིད་འཛིན་དང་གཞུང་དྲང་ཁྲིམས་འཛིན་བྱེད་པར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་སྟེ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་རམ་འདེགས་བྱེད་དགོས། འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་བཀུར་མཐའ་འཁྱོངས་བྱེད་པ་དང་། འཐུས་མིའི་ལས་དོན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་ལས་ཨུ་ལྷན་དང་འཐུས་མིའི་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་པ། འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། འཐུས་མིའི་གྲོས་འགོ་སྒྲུབ་གཉེར་སྤུས་ཚད་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ། འཐུས་མིས་ཁྲིམས་བཞིན་རང་འགན་བསྒྲུབ་པར་སྤུས་ཚད་མཐོ་བའི་ཞབས་ཞུ་སྒྲུབ་པ་བཅས་བྱེད་དགོས། ལས་ཀའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། ལས་ཀའི་མཐུན་སྦྱོར་དམ་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། མི་དམངས་འཐུས་ཚོགས་ལས་དོན་གྱི་ཕན་འབྲས་ཧྲིལ་པོ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 

    ཀྲུའུ་རེན་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གི་འགན་འཁུར་བས། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་བཀོད་སྒྲིག་སྐོར་སྙན་སེང་ཞུས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ལྷན་དང་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ལས་དོན་ཨུ་ལྷན་སོགས་སྡེ་ཚན་གྱི་འགན་འཁུར་བས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པའི་འབྲེལ་ཡོད་གྲོས་གཞི་སྙན་སེང་ཞུས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།