དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-18

     ཚེས་16ཉིན་གྱི་ཕྱི་དྲོ། ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ནས། ཀྲུང་གུང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་བརྡ་ཁྱབ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས། ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་2020ལོའི་ཆེད་དོན་སློབ་སྦྱོང་གི་འཆར་གཞིར་ཞིབ་འཇུག་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ལི་ཝུན་ཧན། ཉི་མ་ཚེ་རིང་། ཏང་ཙུའི་ཁོངས་མི་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གཏན་འབེབས》ནང་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ལ་སྲིད་འཛིན་ས་ཁོངས་འདི་གའི་ནང་རྩ་ཁྲིམས་ལ་བརྩི་སྲུང་དང་ལག་བསྟར་འགན་ལེན་གྱི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཡོད། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འབྲེལ་གཏུག་མཐུན་སྦྱོར་ལ་མཐོང་ཆེན་བྱེད་པ། དོན་དག་ཡོད་རིགས་ངེས་པར་དུ་གྲ་སྒྲིག་བྱེད་པ་དང་། གྲ་སྒྲིག་ཡོད་རིགས་ངེས་པར་དུ་ཞིབ་བཤེར། ནོར་འཁྲུལ་ཡོད་རིགས་ངེས་པར་དུ་ཡོ་བསྲང་། ཏང་ཀྲུང་དབྱང་གིས་གང་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བཅས་བྱས་ནས། རྒྱལ་ཁབ་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས་ལ་སྲུང་སྐྱོང་བྱེད་དགོས། དེ་སྔའི་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་ཞིབ་བཤེར་དང་། ཞིབ་འཇུག ཐག་གཅོད། ཚུར་ལན་སོགས་ཀྱི་ལས་ཀའི་གོ་རིམ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་རྫོང(ཆུས)གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཐོ་འགོད་དང་སྙན་སེང་ཞིབ་བཤེར་ལས་སྒོར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་དང་ཞིབ་བཤེར་ལས་དོན་གྱི་ཆེད་ལས་རང་བཞིན་དང་། ཚད་ལྡན་རང་བཞིན། ཕན་འབྲས་རང་བཞིན་བཅས་ཆེ་རུ་གཏོང་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2020ལོའི་ཆེད་དོན་སློབ་སྦྱོང་འཆར་གཞི་མཐའ་འཁྱོངས་དང་དོན་འཁྱོལ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གསར་ཤོས་ཀྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་བྱེད་པ། རང་རྟོགས་ངང་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སློབ་སྦྱོང་རྨང་གཞིར་བྱེད་རྒྱུར་མཐོང་ཆེན་བྱེད་པ་དང་། བསམ་བློའི་གནས་ཚད་མཐོ་རུ་བཏང་ནས“སྲུང་སྐྱོང་གཉིས”ཐུབ་པའི་བསམ་བློའི་རྨང་གཞི་བརྟན་དུ་མཐའ་གཅིག་ཏུ་གཏོང་དགོས། སྦྱོང་བསམ་སྤྱོད་གསུམ་འགོ་ནས་མཇུག་བར་ཁྱབ་པ་དང་བསམ་དད་བསྟར་གསུམ་གཅིག་གྱུར་ཡོང་བར་མཐོང་ཆེན་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་དུས་རབས་གསར་པའི་ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྤྱི་འདོམས་འཆར་འགོད་དང་སྐུལ་འདེད་གཏོང་བའི་བསམ་བློའི་བྱ་ཐབས་དང་ལག་ལེན་གྱི་གྲུབ་འབྲས་ལ་འགྱུར་བར་བྱེད་དགོས། རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོར་རང་ངོས་ཀྱི་སློབ་སྦྱོང་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།