ཚེས་14ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་། བར་སྐོར་གནའ་གྲོང་ཁུལ། གཙུག་ལག་ཁང་། རྭ་མོ་ཆེ་གཙུག་ལག་ཁང་སོགས་སུ་ཕེབས་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་ལས་ཀ་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་ཡང་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་ལྷན་དུ་བརྟག་ཞིབ་ལ་ཕེབས་ཡོད་པ་རེད།
ས་ཆ་ཞིག་ཏུ་ཕེབས་རིམ་བཞིན་ཀྲོང་ཡན་གྱིས་ལས་འགན་སྒྲུབ་བཞིན་པ་དང་གྲ་སྒྲིག་ཨང་བསར་ངང་བཀའ་སྒུག་བཞིན་པའི་ལས་དོན་མི་སྣའི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་རྗེས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དང་བདེ་འཇགས་འགན་ལེན་ལས་དོན་སོགས་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད། ཁོང་གིས་འཐབ་ས་དང་པོའི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་རང་ལྗོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཞི་མཐུན་བརྟན་ལྷིང་གི་རྣམ་པ་སྲུང་སྐྱོང་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དང་ཆབས་ཅིག་ཚང་མར་རྒྱུན་མཐུད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བྱ་ཐབས་ཁག་དམིགས་སར་དོན་འཁྱོལ་ཚགས་ཚུད་དང་དོན་འཁྱོལ་ཞིབ་ཕྲ་ཡོང་བ་བྱས་ཏེ་ཁུག་མ་ལུས་པ་དང་། གསང་མ་ལུས་པ། སྟོང་ཆ་མ་ལུས་པ་བཅས་འགན་ལེན་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཁོང་གིས་ད་དུང་ཚང་མར་ཡ་རབས་ངང་ལས་དོན་སྒྲུབ་པ་དང་། ཡ་རབས་ངང་ཞབས་འདེགས་ཞུས་ཏེ་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པར་བྱེད་དགོས་པ་དང་དུས་མཚུངས་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་ངོས་ཀྱི་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་རང་ངོས་ཀྱི་གཟུགས་གཞིའི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་མངགས་བཅོལ་ཟབ་མོ་གནང་བ་རེད།
དེ་རྗེས་ཀྱི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་ཐོག ཀྲོང་ཡན་གྱིས་བརྙན་ལམ་སྦྲེལ་མཐུད་ལ་བརྟེན་ནས་ས་གནས་དང་གྲོང་ཁྱེར་ཁག་དང་། དེ་བཞིན་རྫོང་དང་ཆུས་ཁག་གཅིག་གི་སྡོད་བྱའི་སྣེ་འཁྲིད་པ་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུལ་ལ་གྲལ་བཤེར་གནང་བ་རེད།
ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་དང་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ཁྲིམས་བཞིན་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། དམག་དམངས་ཉེན་གསུམ་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་ཚགས་ཚུད་དུ་གཏོང་བ། ཁྲིམས་འགལ་ངང་ས་ཁོངས་སྒྲོལ་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་ཀྱི་སྒོ་ནས“མི་གཅིག་ཀྱང་ཕྱིར་ཐོན་མི་ཐུབ་པ་དང་མི་གཅིག་ཀྱང་ནང་དུ་འཛུལ་མི་ཐུབ་པའི”འགན་ལེན་བྱས་ནས་མཐའ་མཚམས་ས་ཁུལ་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བ་བྱེད་དགོས། རྒྱ་ཁྱབ་ངང་མང་ཚོགས་ཀྱི་ཁྲིད་སྟོན་དང་། མང་ཚོགས་སྐུལ་སློང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ཀྱི་སེམས་ནུས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”རང་རྟོགས་ངང་བྱས་ཏེ་རིམ་པ་ཁག་གི་མཉམ་འགོག་མཉམ་བཅོས་རྩ་འཛུགས་དང་རྒྱ་ཆེའི་ཡུལ་དམག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ས་སྲུང་མཐའ་བརྟན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ནས་མཐའ་མཚམས་འཕེལ་རྒྱས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།