དབུ་ཤོག>སྲིད་དོན།
  • ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-18

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཅང་ཅེས་འབྲེལ་ཡོད་སྡེ་ཚན་གྱི་སྙན་སེང་དང་བསམ་འཆར་གསན་རྗེས། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཕུགས་ལ་གཞི་ཚུགས་པ། བདེ་སྡོད་ཉེན་བསམ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་། མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲ་བརྟན་ཡག་པོ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཚང་མ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས། དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་ལེན་བསྟར་བ་དང་། འགག་སྒོའི་བྱེད་ནུས་ཆེ་རུ་གཏོང་བ། མཐའ་མཚམས་ཀྱི་ཉོ་ཚོང་ཁྲོམ་ར་དང་ཚོང་ར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མཐའ་མཚམས་ཀྱི་ཡུལ་མིའི་ཚོང་རའི་ཉོ་ཚོང་སྣ་མང་ཅན་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱིས་ཕྱི་ཕྱོགས་སྤེལ་རེས་ཀྱི་མཉམ་ལས་རྒྱ་ཁྱབ་བྱེད་དགོས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ནས“དམག་སྡོད་དང་དམངས་བདེ་གལ་ཆེ་མཉམ་འཛིན་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན”གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་དང་མིག་སྔའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དང་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་རྣམ་གྲངས་ཟུང་འབྲེལ་གྱིས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་ཞིང་འབྲོག་ལས་ཐོན་སྐྱེད་ལ་ཤུགས་སྣོན་དང་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། དམངས་འཚོ་ལེགས་སུ་གཏོང་བ་ཤུགས་རྒྱག་སར་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་། མཐའ་མཚམས་ཀྱི་ཡུལ་མིའི་ཁ་གསབ་མང་དུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་གཅིག་སྒྲིལ་ལ་ཕན་པའི་བྱ་བ་དངོས་མང་ཙམ་སྒྲུབ་པ་བཅས་ཀྱིས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་མཐའ་བརྟན་མཐའ་སྲུང་ལ་ཞུགས་པའི་ཧུར་སེམས་སྐོང་འཐེན་བྱས་ཏེ་མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་རྩྭ་རྩི་ཤིང་ཚུན་ཆད་ནས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།