དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-14

    ཚེས་12ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་གྲོང་ནུབ་ཡན་ལག་ཅུས་དང་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཁྲལ་གཉེར་ཚོམས་ཆེན་དུ་ཕེབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་དང་ཁྲལ་དོན་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། ལྗོངས་ཁྲལ་དོན་ཅུས་ཀྱི་འགོ་ཁྲིད་ཚན་ཁག་དང་ལྷན་དུ་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།

    ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་གྲོང་ནུབ་ཡན་ལག་ཅུས་ཀྱི་ཁྲལ་གཉེར་ཚོམས་ཆེན་དུ་བོད་ལྗོངས་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་སྐུ་ཞབས་ཝུའུ་ལགས་སྐར་ཁུང་མདུན་དུ་ལས་སྒོ་གཉེར་བཞིན་ཡོད་པ་དང། “དྲ་ཐོག་ནས་སྔོན་མངགས་ཐུབ་པ་དང་། སྐར་མ་10ཡི་ནང་ལས་སྒོ་སྒྲུབ་ཚར་གྱི་འདུག་པས་ང་ཚོ་བློ་བདེ་པོ་འདུག”ཅེས་ཁོང་གིས་དགའ་ཚོར་ཆེན་པོས་བརྗོད། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ཁྲལ་གཉེར་ཚོམས་ཆེན་གཙང་ལ་དཀར་ཆ་དོད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཚགས་ཆུད་ཞིབ་ཚགས་ཡོད། འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་དྲ་ཐོག་ནས་ལས་སྒོ་སྒྲུབ་གཉེར་བྱེད་ཚད་96.67%ཟིན་གྱི་ཡོད་པ་རེད། ཀྲོང་ཡན་གྱིས་གསན་རྗེས་ཐུགས་བློ་ཚིམ་པོ་བྱུང་ཞིང་། ཁོང་གིས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ཐོག“འབྲེལ་ཐུག་མེད་པའི”ཁྲལ་གཉེར་རིན་འཇལ་ཞབས་ཞུའི་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ་དང་ཁྲལ་གཉེར་རིན་འཇལ་ཞབས་ཞུ་སྒྲུབ་ཡུལ་དུ་མི་སྣ་འདུ་འཛོམས་གང་ཉུང་བྱས་ཏེ་ཁྲལ་འཇལ་མཁན་གྱིས་སེམས་ཁྲལ་མེད་པའི་ངང་ཁྲལ་གཉེར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་དང་དུས་མཚུངས། འཐབ་ས་དང་པོའི་ལས་དོན་མི་སྣས་རང་ངོས་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་ངོས་འགོག་སྲུང་བྱེད་ཟབ་ཏུ་བཏང་སྟེ་མང་ཚོགས་ལ་དེ་བས་སྤུས་ལེགས་ཀྱི་ཞབས་ཞུ་སྒྲུབ་དགོས་པ་དང་ཆབས་ཅིག་རང་ངོས་བདེ་ཐང་དང་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པའི་མངགས་བྱའང་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ལྗོངས་ཁྲལ་དོན་ཅུས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁྲལ་བསྡུའི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཚུལ་སྐོར་གྱི་སྙན་སེང་གསན་རྗེས་ཀྲོང་ཡན་གྱིས་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས། ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་མིག་སྔའི་རིམས་ནད་ཀྱིས་རྐྱེན་པས་ཁྲལ་བསྡུའི་ལས་དོན་ལ་འཕྲད་པའི་འགྲན་སློང་ལ་ངོས་འཛིན་ཡང་དག་བྱས་ཏེ་ཁྲལ་བསྡུའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་བཏང་ཐོག“དམངས་ཕན་ཕྲལ་སྒྲུབ་ཀྱི་དཔྱིད་རླུང་བྱ་སྤྱོད”ཏན་ཏིག་སྤེལ་དགོས་པ་སྟེ། གཅིག་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་ཧུར་ཐག་བྱས་ཏེ་དྲ་ཐོག་ཁྲལ་དོན་ཅུས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས“བསྡུ་དགོས་རིགས་ཀྱི་དཔྱ་ཁྲལ་མཐའ་གཅིག་ཏུ་བསྡུ་བ་དང་ཆག་ཡང་དང་རྩ་ཆག་གཏོང་དགོས་རིགས་མཐའ་གཅིག་ཏུ་ཆག་ཡང་གཏོང་རྒྱུ”འགན་ལེན་བྱེད་དགོས་པ་དང་། གཉིས་ནས། ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཕྲན་ཚེགས་ཁེ་ལས་ཀྱི་ཀུན་ཕན་རང་བཞིན་གྱི་ཁྲལ་བསྡུ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ནས་ཕྲན་ཚེགས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས་པ། གསུམ་ནས། ཁྲལ་བསྡུ་ཚོང་གཉེར་གྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་ཞན་ཆ་སེལ་བ་དང་། ཞན་ཆ་ལེགས་གཏོང་། རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁྲལ་འཇལ་མཁན་བློ་ཡིད་མ་ཚིམ་པ་དང་གླེང་མང་བའི“འགག་གནད”དང་། “དཀའ་གནད”“སེམས་ནད”བཅས་ཐག་གཅོད་ཏན་ཏིག་བྱེད་དགོས་པ། བཞི་ནས། ཁྲལ་བསྡུའི་དབྱེ་ཞིབ་སྔོན་དཔག་ཡག་པོ་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་རིན་ཐང་ཡོད་པའི་དཔྱད་གཞིའི་གྲོས་འགོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།