དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-13

    ཚེས་11ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་འབྲས་སྤུངས་དགོན་དང་། ཞོལ་སྡེ་ཁུལ་གྲོང་ལྷན། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། གཙུག་ལག་ཁང་བཅས་སུ་སྔ་རྗེས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཞུས་ཞུའེ་ཀོང་དང་། མོང་ཞའོ་ལིན། བསོད་ནམས་རིག་འཛིན་བཅས་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད།

    “དགོན་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དོན་འཁྱོལ་ཇི་འདྲ་བྱས་ཡོད་དམ། གྲྭ་དམངས་ཀྱི་སློབ་སྦྱོང་དང་འཚོ་བ་བཀོད་སྒྲིག་ཇི་འདྲ་བྱས་ཡོད་དམ”ཞེས་འབྲས་སྤུངས་དགོན་དང་གཙུག་ལག་ཁང་དུ་ཀྲོང་ཡན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་བཀའ་འདྲི་ཞིབ་ཕྲ་གནང་ཡོད།གྲྭ་དམངས་ཀྱིས་དགོན་སྡེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱ་ཆེད། དགོན་སྡེས་ནུས་ལྡན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པར་ཚང་མས་བསམ་ཤེས་བྱེད་པ་མ་ཟད། རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་ཞུས་པས་ཀྲོང་ཡན་གྱིས་གསན་རྗེས་ཐུགས་མགུ་པོ་བྱུང་ཞིང་། ཁོང་གིས་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགོན་སྡོད་ལས་བྱེད་པས་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། དགོན་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    “ཉེ་དུས་ཁྱིམ་དུ་བསྡད་དེ་ལྟ་ཞིབ་བྱ་ཡུལ་མི་སྣ་མང་དུ་ཕྱིན་ཡོད་དམ། འགོག་སྲུང་དངོས་རྫས་འདང་གི་འདུག་གམ”ཞོལ་སྡེ་ཁུལ་དུ་ཕེབས་མ་ཐག ཀྲོང་ཡན་གྱིས་འབྲེལ་ཡོད་འགན་འཁུར་བར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཚན་རིག་དང་མཐུན་པ་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་ཡོད་པ་མཁྱེན་རྟོགས་བྱུང་རྗེས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་བ་རེད།

    རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ། འཐབ་ས་དང་པོའི་ཉེན་རྟོག་པར་འཚམས་འདྲི་གནང་བ་མ་ཟད། ཉེ་དུས་ཀྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད།

    བརྟག་ཞིབ་གནང་སྐབས་ཀྲོང་ཡན་གྱིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེ་ཤོས་སུ་བརྩིས་ནས། མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ་དང་། གནད་དོན་ཆེན་པོ་མི་ཐོན་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ཚད་གཞིར་བྱས་ཏེ་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་ལུགས་མཚོན་པར་བྱེད་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ས་གནས་ཁག་ཏུ་རིམ་བཞིན་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་སྦྲགས། བོད་དུ་ལོག་མཁན་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་པས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་སྣང་མེད་གཏན་ནས་མི་བྱེད་པར་ཁོངས་གཏོགས་ཁུལ་གྱི་དོ་དམ་འགན་འཁྲི་མུ་མཐུད་ནན་དུ་གཏོང་བ་དང་། ཁ་གཏད་གཅོག་པའི་བྱེད་ཐབས་ཧུར་ཐག་སྤྱོད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བ་དང་ཚད་གཞི་དམའ་རུ་མི་གཏོང་བའི་འགན་ལེན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱས་ཏེ། གཙོ་གནད་ས་ཁུལ་དང་། གཙོ་གནད་ཁུལ། གཙོ་གནད་བྱེད་སྒོ་སྤེལ་ཡུལ་བཅས་ལ་ལྟ་འདོམས་ཚོད་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སྲུབས་ཁ་མི་ལུས་པ་དང་། ཁུག་ཆ་མི་ལུས་པ། སྟོང་ཆ་མེད་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། འགྲིམ་འགྲུལ་བདེ་འཇགས་དང་མེ་ཟོན་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ། རིགས་ཁག་གི་ཉེན་ཁ་འབྱུང་རྩ་ནས་སྔ་ཙམ་དབྱེ་འབྱེད་དང་། སྔ་ཙམ་སྔོན་བརྡ། སྔ་ཙམ་ཤེས་རྟོགས། སྔ་ཙམ་ཐག་གཅོད་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ། གཙོ་གནད་གནད་དོན་སྔོན་འགོག་དང་། དཀའ་གནད་གནད་དོན་ལ་དམིགས་པ། གླེང་མང་བའི་གནད་དོན་གསེད་བཀྲོལ། སྤྱིར་བཏང་གི་གནད་དོན་ལ་ལན་འདེབས་པ་བཅས་ཀྱི་རྩ་དོན་ལྟར། རིགས་ཁག་གི་འགལ་ཟླ་དང་རྩོད་གཞི་དང་མངོན་མེད་རྐྱེན་ངན་མཐིལ་རྟོགས་གཏིང་ཟབ་དང་རང་འགུལ་ངང་བསལ་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུན་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།