དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2020ལོའི་ལོ་འཁོར་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-13

    ཚེས་11ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2020ལོའི་ལོ་འཁོར་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ནན་ཏན་ངང་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་ཐེངས་128པའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད། འབྲེལ་ཡོད་བྱ་བར་གྲོས་ཞིབ་བྱས་པ་དང་འབྲེལ་མིག་སྔའི“ཞིང་གསུམ”གྱི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྒྱལ་མཚན་གྱིས་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས། རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་དཔྱིད་དུས་ཞིང་འབྲོག་ལས་ཐོན་སྐྱེད་ཕྱོགས་ཡོངས་ནས་དམ་འཛིན་བྱ་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད་ལ། ལས་དོན་གྱི་བྱེད་ཐབས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་བཀྲམ་པའི《མིག་སྔའི་དཔྱིད་རྨོད་ཐོན་སྐྱེད་ལས་དོན་གྱི་ཕྱོགས་སྟོན》གཞིར་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་ཞིང་འབྲོག་ལས་ཐོན་སྐྱེད་གོ་རིམ་ལྡན་པ་དང་ཕྱོགས་ཡོངས་ནས་སླར་གསོ་བྱས་ཏེ། དཔྱིད་རྨོད་དཔྱིད་གྲབས་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། གཙོ་གནད་ལ་དམ་འཛིན་དང་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ། ལས་ཞུགས་གཞན་སྒྱུར་གྱི་རྩལ་ནུས་གསོ་སྦྱོང་གི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་དང་། ས་གནས་དེ་གའི་ཨར་ལས་དཔུང་ཁག་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཚད་མང་དུ་གཏོང་བ། ངལ་ནུས་ཕྱིར་གཏོང་གི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་དང་འབབ་འཕར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། “མཚམས་མི་འཇོག་པ་བཞི”ཡི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་ཡོང་འབབ་འཕར་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་དབུལ་སྐྱོར་ལས་དོན་ལ་ཤུགས་སྣོན་རྒྱག་པ། འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་མཐོ་རུ་གཏོང་དགོས། ཞིང་འབྲེལ་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཐུབ་རྒྱུར་སྐུལ་འདེད་བཏང་ནས། འགན་ལེན་གྱི་ཇུས་གཞི་ཞིབ་ཚགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་དུས་ལྡོག་སྒྲིག འགན་འཁྲི་ནན་དུ་གཏོང་བ། བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། འཆར་འགོད་བཞིན་སྐུལ་འདེད་གཏོང་བ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པ། ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་འབྱོར་འབྲིང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཞན་ཆ་གསབ་དགོས། ཞིང་འབྲོག་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ནས་ལུས་སེམས་གནས་ཐུབ་པ་དང་ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལ་རྒྱལ་ཁ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།