ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རིམ་ཁག་སྲིད་གྲོས་ཨུ་ཡོན་ལ་ཕུལ་བའི་གྲོས་འདོན་ཡི་གེ
ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི་འགོས་ནད་རང་བཞིན་གྱི་ནད་རིགས་ཚབས་ཆེན་ཞིག་ཡིན། རིམས་ནད་ཐོན་ཚུན། སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་།རིམས་ནད་ཁྱབ་མཆེད་བྱས་པ་དེས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད། རིམས་ནད་ལས་རྣམ་པར་རྒྱལ་བར་ཡང་དག་པའི་གདམ་ག་ཉག་ཅིག་ནི་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ཡིན་པ་དང་། ཆེས་རླབས་ཆེན་གྱི་སྟོབས་ཤུགས་ནི་མི་བརྒྱ་སེམས་གཅིག་དང་ཕྱར་བ་གྲུ་འདེགས་བྱ་རྒྱུ་དེ་རེད། ཉིན་ཤས་བསྟུད་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་རིམས་ནད་ཁྱབ་མཆེད་འགྲོ་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས”པ་སོགས་ཀྱི་མཛུབ་སྟོན་གལ་ཆེན་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ནས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྣེ་ཁྲིད་དེ་ཕྱར་བ་གྲུ་འདེགས་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱས་ཏེ་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་བཀའ་རྒྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་ཡོངས་བསམ་ཇུས་གཅིག་གི་བསམ་བློ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་མང་ཚོགས་བདེ་སྐྱིད་ཁམས་བཟང་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱས་ཡོད། རིམས་ནད་ཚབས་ཆེན་གྱི་མདུན་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ་མ་ཟད། འགན་འཁྲི་གཅིག་མཐུན་འདུས་གྲུབ་དེ་བས་ཀྱང་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་ངེས་པར་དུ་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞིབ་ཕྲའི་བཀོད་སྒྲིག་དང་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་བཅས་ཀྱི་མཐོ་ཚད་དུ་ལངས་པ་དང་། ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་གཞི་ཚུགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། “སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་བརྩེ་སེམས་མཐའ་འཁྱོངས་བྱེད་པ་དང་། བྱ་གཞག་སེམས་སུ་ངེས་ཤིང་འགན་འཁྲི་ཕྲག་ཏུ་འཁུར་དགོས”པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས“སྲུང་སྐྱོང་གཉིས”ཉམས་ལེན་བྱས་ཏེ་འགན་འཁུར་ཕོད་པའི་སྲིད་གྲོས་རྩ་འཛུགས་ཤིག་དང་མིང་དོན་མཚུངས་པའི་འགན་འཁུར་ཨུ་ཡོན་ཞིག་བྱེད་དགོས།
དེར་བརྟེན་ང་ཚོས་གྲོས་འགོ་འདོན་རྒྱུ་སྟེ།
གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་སེམས་ཤུགས་གཅིག་སྒྲིལ་དང་ནུས་པ་འདོན་སྤེལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་འབོད་སྐུལ་གནང་ཚེ། སྲིད་གྲོས་ཀྱིས་བྱ་སྤྱོད་སྤེལ་དགོས། རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རིག་སྟོབས་མང་འདུས་དང་འབྲེལ་རྒྱ་ཆེ་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐབས་ལམ་སྣ་ཚོགས་དང་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་དོགས་གནད་གསེད་བཀྲོལ་དང་། འགལ་ཟླ་འདུམ་སེལ། བློ་ཁ་མཐུན་སྦྱོར། ངོས་འཛིན་གཅིག་མཐུན་ཡོང་བ་བཅས་ཀྱི་ལས་ཀ་ནུས་ཤུགས་གང་ཡོད་ཀྱིས་ལེགས་པར་བསྒྲུབས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་། སྟོབས་ཤུགས་གཅིག་སྡུད།མི་བརྒྱ་སེམས་གཅིག་བཅས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཀྲུང་གུང་རིགས་ཁོངས་ཀྱི་ཨུ་ཡོན་དང་རིགས་ཁོངས་ཁག་གི་ཏང་ཡོན་ཨུ་ཡོན་གྱིས་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དང་ཏང་ཡོན་ཨུ་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐོག་མའི་བསམ་འདུན་བྱ་སྤྱོད་དངོས་ལ་འགྱུར་བ་དང་། འགན་འཁྲི་ལས་ཐོག་ཏུ་མངོན་པར་བྱས་ནས་འཐབ་ས་དང་པོར་སྐྱོད་པ་དང་། གཡུལ་ས་སྲུང་བ། རྗེས་ལུས་མི་ཐེབས་པ་བཅས་བྱས་ཏེ་འགག་རྩའི་དུས་སུ་གདོང་མཆོང་ཕོད་པ་དང་། དཀའ་ཉེན་ཆེ་བའི་དུས་སུ་བློས་གཏོང་ཕོད་པ་བཅས་བྱེད་དགོས་པ་མ་ཟད་རང་ཉིད་ཀྱི་གཏམ་སྤྱོད་ལ་བརྟེན་ནས་ཏང་ཕྱིའི་ཨུ་ཡོན་གྱིས་རིགས་ཁོངས་མང་ཚོགས་ཁྲོད་ཀྱི་དགེ་མཚན་དང་ནུས་པ་འདོན་སྤེལ་བྱ་རྒྱུར་ཤུགས་རྐྱེན་སྤྲད་ཅིང་སྐུལ་ཁྲིད་བྱེད་པ་དང་། གཉེན་ཉེ་དང་ཕ་ཡུལ་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད། སྐུལ་ཁྲིད་བཅས་བྱས་ཏེ་ཚན་རིག་དང་མཐུན་ཞིང་རྣམ་དཔྱོད་ལྡན་པའི་སྒོ་ནས་རིམས་ནད་བྱུང་ཚུལ་ལ་ངོས་འཛིན་གྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀོད་འདོམས་ལ་ཉན་པ་དང་བཀོད་སྒྲིག་དང་ལེན་ཞུ་བ།ལག་པ་ཡང་ཡང་འཁྲུ་བ་དང་། མཁའ་རླུང་འཁོར་རྒྱུགས་མང་ཙམ་བྱེད་དུ་འཇུག་པ། ཁ་རས་གྱོན་པ། འདུ་འཛོམས་མི་བྱེད་པ། ཕྱིར་ཉུང་ཙམ་འགྲོ་བ་བཅས་བྱས་ནས་མི་ཚང་མས་འགོས་ནད་ཀྱི་འབྱུང་རྩ་གཏན་འགོག་བྱེད་པའི་འགན་འཁྲི་འཁུར་མཁན་བྱས་ཏེ་དམངས་ཡོངས་ཐེ་ཞུགས་དང་ཚན་རིག་ནུས་ལྡན་གྱི་སྔོན་འགོག་ཚོད་འཛིན་ལ་བརྟེན་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་དགོས།
གཉིས་ནས་མི་རིགས་མཐུན་སྒྲིལ་ཁྲོད་ཕྱར་བ་གྲུ་འདེགས་དང་ནུས་པ་འདོན་སྤེལ་བྱེད་དགོས། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། ནད་དུག་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་བས་ཁེངས། འགག་སྒྲོལ་དཀའ་སེལ་ཇི་ཙམ་བྱེད་དགོས་ན། ཇུས་ཤུགས་མཉམ་འདོན་དང་མི་བརྒྱ་སེམས་གཅིག་དེ་བས་བྱེད་དགོས། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེར་སེམས་མཐུན་ཤུགས་སྒྲིལ་གྱིས་རིམས་ནད་བཀག་འགོག་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་ཚོས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། དགྲར་འཛིན་ཕྱོགས་གཏོགས་ཀྱིས་དཀྲོག་གཏམ་བཟོས་ནས་དོན་རྐྱེན་བསླང་རྒྱུ་ནན་འགོག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བརྒྱུད་རིམ་ནང་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་རིམས་ནད་སྔོན་འགོག་དང་དུས་ངལ་མཉམ་སེལ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བརྟན་དུ་གཏོང་དགོས་ཤིང། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཉེ་དུས་ཕྱག་བསྐོར་ཆོས་མཇལ་དུ་མི་སྐྱོད་པ་དང་། མི་དམངས་ཁམས་བཟང་ཡོང་བར་སྲུང་སྐྱོབ་བྱེད་པ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རིམས་ནད་འགོས་ཁྱབ་ཏུ་འགྲོ་བའི་ཉེན་ཁ་ཆུང་དུ་གཏོང་དགོས་པ། ལས་གནས་ལ་གཞི་ཚུགས་པ་དང་རང་འགན་ནན་སྒྲུབ་ཀྱིས་ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བཅས་ཏན་ཏིག་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་གདོང་མཆོང་དམག་འཐབ་བྱེད་དགོས་པ། དགེ་མཚན་འདོན་སྤེལ་ཧུར་ཐག་དང་། མང་ཚོགས་དང་འབྲེལ་བ་རྒྱ་ཁྱབ་དང་མང་ཚོགས་ལ་སྐུལ་སློང་། མང་ཚོགས་གོང་བུ་གཅིག་སྒྲིལ་བཅས་བྱས་ཏེ། དགེ་མཚན་ལྡན་པའི་སྐད་ཆ་ཤོད་པ་དང་དྲང་ཕྱོགས་ནས་སྐད་ཆ་ཤོད་པའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ཆོད་སེམས་ཇེ་ཆེར་གཏོང་དགོས།
གསུམ་ནས་སྤྱི་ཚོགས་བརྟན་ལྷིང་ཁྲོད་འཐབ་ས་དང་པོར་གཞི་ཚུགས་ཏེ་ནུས་པ་འདོན་སྤེལ་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱ་རྒྱུ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་མཉམ་འཛིན་སྤྱི་སྒྲུབ་བྱེད་ཕྱོགས་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལ་རྩེ་གཅིག་ཏུ་དམིགས་ཏེ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མཉམ་འགོག་མཉམ་འཛིན་དང་བརྟན་འགོག་བརྟན་འཛིན་སོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་རམ་འདེགས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེན་པོ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཁ་ཕྲལ་པས་སྐབས་བསྟུན་དོན་རྐྱེན་བསླངས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་གཏོར་བཤིག་གཏོང་རྒྱུ་ནན་འགོག་བྱེད་དགོས། འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་དང་། མི་སྣ་སྐོར་སྐྱོད་དོ་དམ་ཚོད་འཛིན། དངོས་ཟོག་དང་ཚོང་རྫས་མཁོ་འདོན། ཁྲོམ་རར་ལྟ་སྐུལ་དོ་དམ། ཐོལ་བྱུང་དོན་རྐྱེན་ཐག་གཅོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཐོག་ཕན་ནུས་ཆེ་བ་དང་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་ནས་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ཕན་ནུས་སུ་ཏན་ཏིག་འགྱུར་བ་བྱེད་དགོས།
བཞི་ནས་འགན་འཁྲི་གཙང་སྒྲུབ་བྱེད་རིང་རིན་ཐང་མངོན་པ་དང་ནུས་པ་འདོན་སྤེལ་བྱེད་དགོས། མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྲིད་གྲོས་ཨུ་ཡོན་ནི་མི་དམངས་སྲིད་གྲོས་ལས་དོན་གྱི་གཙོ་རྐང་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ཨུ་ཡོན་གྱི་མཚན་སྙན་ལ་གཅེས་སྤྲས་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་། ཐབས་ཇུས་བློ་འདྲི། གྲོས་མོལ་དམངས་གཙོ། རྒྱལ་ཁབ་བཅོས་སྐྱོང་བཅས་ཀྱི་འཐབ་ས་དང་པོར་རང་རྟོགས་ངང་ཞུགས་པ་དང་། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་ཕྲའི་ལས་དོན་ནང་རང་རྟོགས་ངང་ཞུགས་པ། ཏང་གི་སྲིད་ཇུས་དྲིལ་བསྒྲགས་པ་དང་། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བ། སྤྱི་ཚོགས་འཆམ་མཐུན་སྐུལ་འདེད་པ་བཅས་རང་རྟོགས་ངང་བྱེད་དགོས། སྤྱི་ཚོགས་ལས་རིགས་ཁག་གིས་འགོག་སྲུང་གྱོན་ཆས་དང་། ཁ་རས། དུག་སེལ་གཤེར་ཁུ། འགོག་སྲུང་མིག་ཤེལ་སོགས་འཕྲལ་མཁོའི་རིམས་འགོག་ཡོ་བྱད་དང་འབྲེལ་ཡོད་དངོས་ཟོག་ཞལ་འདེབས་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་མཁོ་འདོན་བྱ་རྒྱུར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བྱེད་དགོས། སྲིད་གྲོས་ཨུ་ཡོན་དང་རིགས་ཁོངས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་དུས་ཐོག་ཏུ་བསྡུ་ལེན་བྱས་ནས་ཏང་ཨུད་དང་སྲིད་གཞུང་གིས་ཐབས་ཇུས་འགོད་པར་དཔྱད་གཞི་འདོན་སྤྲོད་བྱེད་དགོས།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། “མི་བརྒྱ་སེམས་གཅིག་གིས་ཧུར་བསྐྱེད་ལས་སྒྲུབ་དང་། དཀའ་ངལ་ཇི་ལྟར་ཆེ་ན་དེ་ཙམ་གྱིས་མདུན་དུ་བསྐྱོད”པའི་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཞིང་། ཏང་དང་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་ལངས་པ། མཉམ་དུ་སྒྲུབ་པ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་ཡིན་པ་མཚོན་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་བདེ་འཇགས་བཅས་ཡོང་བར་བློ་རྩ་བརྟན་པོས་སྲུང་སྐྱོང་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།
སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ནས།
2020ལོའི་ཟླ་2ཚེས་4ཉིན།
འགན་འཁུར་རྩོམ་སྒྲིག་པ། 尼玛次仁
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣