དབུ་ཤོག>སྲིད་དོན།
  • ཁྲོམ་རའི་རིན་གོང་སྐོར་གྱི་དྲན་སྐུལ་དང་བསླབ་བྱའི་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-02

    ཚོང་གཉེར་པ་དང་དེ་བཞིན་འབྲེལ་ཡོད་ཚན་པར།

    ཉེ་ཆར། རྒྱལ་ཡོངས་ཀྱི་ས་ཁུལ་མང་པོར་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་ཐོན་ཡོད། ཁྲོམ་རའི་རིན་གོང་གི་གནས་ཚུལ་ཚད་ལྡན་དུ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཁྲོམ་རའི་སྤྱིའི་རིན་གོང་གི་སྒྲིག་ལམ་བརྟན་པོ་ཡོང་བའི་འགན་ལེན་དང་། ལྷག་པར་དུ་སྔོ་ཚལ་དང་། འབྲུ་སྣུམ། ཤའི་རིགས་དང་སྒོ་ང་སོགས་འཚོ་བའི་མཁོ་ཆས་དང་། དེ་བཞིན་ཁ་རས་དང་། འཕྲལ་མཁོའི་སྨན་རྫས། དུག་སེལ་གཤེར་ཁུ་སོགས་འགོག་སྲུང་ཚོང་ཟོག་གི་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང་། 《ཚོང་ཟོག་དང་ཞབས་ཞུར་རིན་གོང་ཁ་གསལ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས》《རིན་གོང་གི་ཁ་བསླུས་བྱེད་སྤྱོད་བཀག་འགོག་བྱ་རྒྱུའི་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། ད་ལྟ་གྲོང་ཁྱེར་འདི་གའི་ཚོང་གཉེར་པ་དང་དེ་བཞིན་འབྲེལ་ཡོད་ཚན་པར་ཡང་བསྐྱར་དྲན་སྐུལ་དང་བསླབ་བྱ་བྱ་རྒྱུ་གཤམ་གསལ།

    (གཅིག) 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང་། 《ཚོང་ཟོག་དང་ཞབས་ཞུར་རིན་གོང་ཁ་གསལ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས》《རིན་གོང་གི་ཁ་བསླུས་བྱེད་སྤྱོད་བཀག་འགོག་བྱ་རྒྱུའི་གཏན་འབེབས》སོགས་རིན་གོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་རང་རྟོགས་ངང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་སེམས་དང་། རིན་གོང་ལ་དོ་དམ་ཚོད་འཛིན་བྱེད་ཤུགས། རིན་གོང་གི་ཆུ་ཚད་བརྟན་དུ་གཏོང་ཤུགས་བཅས་ཆེ་རུ་གཏོང་དགོས།

    (གཉིས)རིན་གོང་ཁ་གསལ་བཟོ་རྒྱུའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རིན་གོང་གི་བྱང་བུ་དང་རེའུ་མིག་ཆ་ཚང་པོ་དང་། རིན་གོང་གི་ནང་དོན་བདེན་པ་དང་ཁ་གསལ་བ། ཡིག་གཟུགས་ཁམས་གཙང་བ། དངོས་ཟོག་དང་བྱང་བུ་གྲལ་འགྲིག་པ། མཚོན་རྟགས་མངོན་གསལ་དོད་པ་བཅས་ཏན་ཏིག་ཡོང་བ་བྱེད་པ་དང་། ཚད་གཞིའི་རིན་གོང་ལས་སྤར་ནས་ཚོང་ཟོག་བྲིན་ཚོང་བྱེད་མི་རུང་ལ་རིན་གོང་བཀོད་མེད་པའི་འགྲོ་གྲོན་གང་བྱུང་ལེན་མི་རུང་།

    (གསུམ) ཚོང་གཉེར་པས་བྲིན་ཚོང་བྱེད་སྒོ་སྤེལ་སྐབས། ཐོག་མའི་རིན་གོང་རྫུན་བཟོ་བྱེད་པ་དང་། གཟིགས་སྐྱོང་གོང་གཅོག་རྫུན་བཟོ་བྱེད་པ། རིན་གོང་གི་ཁས་ལེན་ལག་བསྟར་མི་བྱེད་པ་སོགས་བྱེད་ཐབས་རྫུས་མའམ་ཡང་ན་མི་རྣམས་ལ་གོང་ཚད་བསླུ་ཁྲིད་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་འཛད་སྤྱོད་པའམ་ཡང་ན་ཚོང་གཉེར་པ་གཞན་ལ་མགོ་སྐོར་བཏང་སྟེ་ཁོ་པ་དང་ཉོ་ཚོང་བྱེད་པ་བཅས་བྱེད་མི་ཆོག

    (བཞི) ཕན་ཚུན་ངན་པ་ལག་འབྲེལ་གྱིས་ཁྲོམ་རའི་རིན་གོང་གི་ཁ་ལོ་སྒྱུར་ཏེ་ཚོང་གཉེར་པ་གཞན་དག་གམ་ཡང་ན་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་རུང་བ་དང་། འགྲན་རྩོད་ནས་ཕྱིར་འབུད་དང་ཚོད་འཛིན་བྱེད་པའི་རིན་གོང་སྒེར་སྡེམ་གྱི་བྱེད་སྤྱོད་ཡོད་མི་རུང་།

    (ལྔ) རིན་གོང་སྤོར་བའི་ཆ་འཕྲིན་རྫུན་བཟོ་དང་འགྲེམས་སྤེལ་བྱས་ཏེ་རིན་གོང་ཧམ་སྤོར་བྱས་ནས་ཚོང་ཟོག་གི་རིན་གོང་ཧ་ཅང་མཐོ་པོ་དང་རིན་གོང་འཕར་ཚད་ཧ་ཅང་མགྱོགས་པོ་འཕར་རྒྱུར་སྐུལ་འདེད་བཏང་ནས་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་ཟང་ཟིང་བཟོ་བ་བཅས་བྱེད་མི་ཆོག

    (དྲུག)ཐོན་སྐྱེད་བྱས་ནས་རང་མཁོ་རང་གསོ་ཕུད་ཚོང་ཟོག་གི་རྒྱུན་གཏན་གསོག་འཇོག་གི་གྲངས་ཚད་དམ་ཡང་ན་གསོག་འཇོག་བྱེད་ཡུན་ཚད་ལས་བརྒལ་ཏེ་གསོག་ཉར་ཕུང་གསོག་ཐེབས་ནས་ཁྲོམ་རའི་མཁོ་སྤྲོད་མི་འདང་བ་དང་ཚོང་ཟོག་གི་རིན་གོང་རྒྱུན་གཏན་མིན་པའི་འཕར་ཆག་ཆེན་པོ་བཟོ་བ་བཅས་བྱེད་མི་ཆོག

    (བདུན) ལུགས་མཐུན་ངང་འཛད་སྤྱོད་བྱ་རྒྱུར་ཁྲིད་སྟོན་དང་འགོག་སྲུང་ཡོ་བྱད་ལུགས་མཐུན་ངང་ཉོ་སྒྲུབ་བྱས་ཏེ་ཚོང་ཟོག་ཧབ་ཐོབ་དང་ཕུང་གསོག་ཐེབས་ནས་ཁྲོམ་རའི་མཁོ་སྤྲོད་ཛ་དྲག་དང་རིན་གོང་འཕར་རྒྱུ་སྔོན་འགོག་བྱེད་དགོས།

    (བརྒྱད) ཚོང་གཉེར་པས་ངེས་པར་དུ་རིན་གོང་རང་གཅུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་བཞིན་གཉེར་སྐྱོང་དང་དྲང་གཞག་ཡིད་རྟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ནང་ཁུལ་གྱི་རིན་གོང་དོ་དམ་ལམ་སྲོལ་དང་ནོར་འཁྲུལ་ཡོ་བསྲང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རིན་གོང་གི་རྩོད་གཞི་དུས་ཐོག་ཏུ་ཐག་གཅོད་ཡང་དག་བྱེད་དགོས།

    (དགུ)ལས་རིགས་ལྷན་ཚོགས་སམ་ཡང་ན་ཚན་པ་གཞན་གྱིས་ཚོང་གཉེར་པ་སྒྲིག་འཛུགས་ཀྱིས་རིན་གོང་སྤོར་རྒྱུའི་ཁ་མཐུན་བྱས་ཏེ་ཁྲོམ་རའི་རིན་གོང་གི་ཁ་ལོ་སྒྱུར་མི་ཆོག་པ་དང་། ཚོང་གཉེར་པར་ཁྲིམས་མཐུན་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།

    རིམ་ཁག་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་ཞུ་གཏུག་ཐེར་འདོན་དང་། གླེང་ཕྱོགས་ཀྱི་གནས་ཚུལ་ལ་དམ་པོར་དམིགས་ནས་རིམས་ནད་འགོག་སྲུང་བྱེད་པའི་དུས་དང་བསྟུན་ནས་འབེལ་ཉོ་དཀོན་ཚོང་དང་། རིན་གོང་འཕར་བའི་ཆ་འཕྲིན་རྫུན་བཟོ་བརྒྱུད་འགྲེམས། རིན་གོང་ཧམ་སྤོར་སོགས་རིན་གོང་གི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་དང་། ནག་ཉེས་ཚབས་ཆེ་བའི་ཁེར་རྐྱང་གཉེར་སྐྱོང་པ་དང་། དེ་བཞིན་འབྲེལ་ཡོད་ཚན་པར་ཡོངས་བསྒྲགས་དམར་འདོན་གྱིས་ཆད་གཅོད་བསླབ་འདོམས་བྱ་རྒྱུ་དང་འབྲེལ་མིང་ཐོ་ནག་པོའི་ནང་འཇུག་རྒྱུ་ཡིན། རྒྱ་ཆེའི་འཛད་སྤྱོད་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་དུས་ཐོག་ཏུ་12345དང་12315ཡི་ཐད་འབྲེལ་ཁ་པར་བརྒྱབ་ནས་རིན་གོང་གི་ཁྲིམས་འགལ་བྱེད་སྤྱོད་ལ་ཞུ་གཏུག་དང་ཐེར་འདོན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

    བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།

    བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན།

    2020ལོའི་ཟླ་1ཚེས་26ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།