དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་དུ་བཟའ་བཅའི་བདེ་འཇགས་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-01-27

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་ལིའུ་སན་ཅུན་ཤ་མོ་ཟ་ཁང་དང་། ཧུའུ་ཟི་སི་ཁྲོན་གྱི་ཟ་ཁང་། ཚེ་རིང་སྣ་མང་བོད་ཟས་ཁང་བཅས་དང་ནུབ་འདབས་པའེ་ཡི་སྒོ་རྩིས་ཚོང་ཁང་དང་ལྕགས་པོ་རི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་བཅས་སུ་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    ལིའུ་སན་ཅུན་ཤ་མོ་ཟ་ཁང་དང་། ཧུའུ་ཟི་སི་ཁྲོན་གྱི་ཟ་ཁང་། ཚེ་རིང་སྣ་མང་བོད་ཟས་ཁང་བཅས་སུ་ཀྲོང་ཡན་གྱིས་ཁ་ལག་བཟོ་བའི་བརྒྱུད་རིམ་དང་བཟོ་འཚོང་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་དང་ཁྲོམ་རའི་ལྟ་འདོམས་སྡེ་ཚན་གྱི་ཟུར་བཤེར་སོགས་བྱས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་གནང་བ་དང་སྦྲགས་ཁ་ལག་ཟ་མཁན་འཛད་སྤྱོད་པ་ཚོར“འདི་གའི་གཙང་སྦྲ་གང་འདྲ་འདུག་གམ། རིན་གོང་འཚམ་པོ་འདུག་གམ”ཞེས་པ་སོགས་བཀའ་འདྲི་གནང་བ་རེད། ཕྱིར་ཚོང་ཁོར་ཡུག་གཙང་ལ་ཁ་ལག་བཟོ་བའི་བརྒྱུད་རིམ་ཚད་ལྡན་དང་གོ་རིམ་ལྡན་པ་ཞིག་ཡོད་པ་གཟིགས་པ་དང་མང་ཚོགས་ཚོས་བློ་ཡིད་ཚིམ་པའི་ལན་རྒྱག་པ་གསན་སྐབས་ཀྲོང་ཡན་ཐུགས་བློ་བདེ་པོ་བྱུང་ཞིང་། ཁོང་གིས་ངེས་པར་དུ་བཟའ་བཅའི་བདེ་འཇགས་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་བཟའ་བཅའི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་ཀྱི་སྤུས་ཚད་ཡག་པོ་ཡོང་བ་བྱེད་པ་དང་། བཟའ་བཅའི་བདེ་འཇགས་ཐད་ཐབ་ཚང་ཕྱི་གསལ་ནང་གསལ་ཡོང་བ་བྱེད་པ། རང་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་བཟའ་བཅའི་ཤ་མོའི་བདེ་འཇགས་ཀྱི་ས་གནས་ཀྱི་ཚད་གཞི་གང་མགྱོགས་བཟོ་བ། བཟའ་བཅའི་ཤ་མོའི་ལས་རིགས་ལ་བདེ་འཇགས་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། བཟའ་བཅའི་བདེ་འཇགས་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འཛད་སྤྱོད་པ་བློ་བདེ་པོས་ཟ་འཐུང་བྱེད་པ་དང་བདེ་ཐང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་སྐབས། ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུང་ནས་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་སྟེ་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བཟའ་བཅའི་བདེ་འཇགས་ཀྱི་ཐབ་ཚང་ཕྱི་གསལ་ནང་གསལ་གྱི་ཚད་གཞི་དང་བཟའ་བཅའི་ཤ་མོའི་བདེ་འཇགས་ཀྱི་ས་གནས་ཀྱི་ཚད་གཞི་སོགས་བཟའ་བཅའི་སྤུས་ཚད་ཀྱི་བདེ་འཇགས་ཚད་གཞིའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་བྱེད་དགོས། ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་ཆེན་གྱི་ཁྲོམ་རའི་གཙོ་གནད་ས་ཁོངས་དང་གཙོ་གནད་ཁུལ་དུ་འཐེན་བཤེར་བྱེད་མང་དུ་གཏོང་བ། བྲིན་ཁ་རྒྱུག་པའི་བཟའ་བཅའ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱད་ལྡན་བཟའ་བཅར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དུས་ཐོག་ཏུ་མི་མངོན་པའི་རྐྱེན་ངན་སེལ་ནས་མང་ཚོགས་བློ་ཡིད་འཚིམ་པའི་འཛད་སྤྱོད་ཀྱི་ཁྲོམ་རའི་ཁོར་ཡུག་ཧུར་ཐག་བཏོད་དགོས། ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བ་བྱས་ནས་ཕག་ཤ་གཙོ་གནད་དུ་བྱེད་པའི“ཤ་ཚལ་སྒོང་གསུམ”གྱི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པའི་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། གཙོ་གནད་ཚོང་ཟོག་གི་རིན་གོང་ལ་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱས་ནས་ཁྲོམ་རའི་སྒུལ་རྣམ་དུས་ཐོག་ཏུ་ཤེས་རྟོགས་དང་། ཟོག་གོང་གང་བྱུང་སྤོར་བ་དང་རྫུན་བཟོ་དང་རྫུན་ཚོང་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་དུས་ཆེན་གྱི་ཁྲོམ་ར་སྐྱོན་བྲལ་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་བདེ་འཇགས་བློ་བདེ་དང་དགའ་སྤྲོ་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་རྒྱུ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།