དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་འགན་ལེན་ལྔའི་རྒན་རྒོན་དང་། ཕན་བདེ་ཁང་གི་བྱིས་པ། མཛེ་ནད་དྲག་སྐྱེད་བྱུང་བའི་མི་སྣ་བཅས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-01-24

     དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་འགན་ལེན་ལྔའི་རྒན་རྒོན་དང་། ཕན་བདེ་ཁང་གི་བྱིས་པ། མཛེ་ནད་དྲག་སྐྱེད་བྱུང་བའི་མི་སྣ་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ཁོང་ཚོ་དང་ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་འགན་ལེན་ལྔའི་རྒན་རྒོན་དང་། ཕན་བདེ་ཁང་གི་བྱིས་པ། སྤྱི་ཚོགས་ཕན་བདེའི་བྱ་གཞག་ལ་གཞོལ་བའི་བློ་མཐུན་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་འབྲེལ་སྨོན་འདུན་བཟང་པོ་ཡང་ཞུས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་ལྷན་དུ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་ཞུས་པ་རེད།

    “ལོ་གསར་ལ་བཀྲ་ཤིས་བདེ་ལེགས”སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་དུ་གནས་པའི་རྫོང་གསུམ་གྱི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཕེབས་མ་ཐག་བློ་བཟང་རྒྱལ་མཚན་གྱིས་དེ་གར་འཚོ་བ་སྐྱེལ་བཞིན་པའི་འགན་ལེན་ལྔའི་རྒན་རྒོན་ལ་དཀར་གཙང་གི་ཁ་བཏགས་གཡོགས་པ་དང་འབྲེལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཡང་ཞུས་པ་རེད། ཁོང་གིས་ད་དུང་རྒན་རྒོན་ཚོར“གཟུགས་པོ་ཐང་པོ་ཡིན་ནམ”“འཚོ་བ་གང་འདྲ་འདུག”ཅེས་བཀའ་འདྲི་གནང་བ་དང་འབྲེལ་ཁོང་ཚོ་དང་མཉམ་དུ་བདེ་སྡུག་སྐོར་གླེང་གནང་བ་དང་། ཁོང་ཚོས“ཡག་པོ་འདུག”“འཚོ་བ་ཡང་སྐྱིད་པོ་འདུག”ཅེས་བརྗོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམངས་འཚོར་ཚད་མཐོའི་མཐོང་ཆེན་གནང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་བ་དང་རང་ལྗོངས་ཀྱི་དམངས་འཚོའི་བྱ་གཞག་འཕེལ་རྒྱས་དང་ཡར་རྒྱས་ཕྲན་བུ་བྱུང་བ་ཚང་མ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་བཀའ་དྲིན་རེད་ལ་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད། ང་ཚོས་ངེས་པར་དུ་ཆུ་འཐུང་དུས་ཆུ་འགོ་དྲན་པ་བྱས་ནས་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས་ད་དུང་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཟོལ་མེད་ཀྱི་བརྩེ་སེམས་འཆང་བཞིན་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཞབས་འདེགས་ཞུ་ཚད་མཐོ་རུ་བཏང་སྟེ་རྒན་རྒོན་ཚོའི་འཚོ་བར་སེམས་ཁྲལ་མེད་པ་དང་ཚེ་མཇུག་བདེ་སྐྱིད་ཡོང་བར་བྱེད་དགོས་ཞེས་མངགས་བཅོལ་ཟབ་མོ་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བྱིས་པའི་ཕན་བདེའི་བྱ་གཞག་ལ་དོ་ཁུར་ཆེན་པོ་གནང་སྟེ་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་བྱིས་པའི་བདེ་ཐང་འཚར་ལོངས་ལ་སྲུང་སྐྱོང་བྱེད་བཞིན་ཡོད། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོའི་ཀྲུང་གོ་ལྷ་སའི་SOSབྱིས་པའི་གྲོང་ཚོར་བྱིས་པ་149འཚོ་བ་སྐྱེལ་བཞིན་ཡོད་པ་དང་ཁྱིམ་ཚང་ལྟར་ལྟ་སྐྱོང་བྱེད་ཀྱི་ཡོད། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་གྲོགས་པོ་ཆུང་ཆུང་ཚོའི་འཚོ་བའི་ཐད་བློ་བཟང་རྒྱལ་མཚན་གྱིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཕྲུ་གུ་ཚོས་ལོ་གསར་གྱི་གྱོན་གོས་གསར་པ་གྱོན་ཏེ་ངོ་གདོང་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་བ་མཐོང་སྐབས། བློ་བཟང་རྒྱལ་མཚན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ཕྲུ་གུ་ཚོའི་འགྲམ་དུ་ཕེབས་ནས་བྱམས་བརྩེའི་ངང་འཚམས་འདྲི་ཞུས་པ་མ་ཟད་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཡང་ཞུས་པ་རེད། བློ་བཟང་རྒྱལ་མཚན་སྐར་མ་བསམ་གྲུབ་ཀྱི་ཁྱིམ་དུ་ཕེབས་ཤིང་། སྐར་མ་བསམ་གྲུབ་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་པ་དང་། ད་དུང་ལོ་གཅིག་སོང་རྗེས་བྱིས་པའི་གྲོང་ཚོ་ནས་འགྲིམས་པའི་སློབ་ཐོན་སློབ་མ་64ཡི་གྲས་ཤིག་ཏུ་འགྱུར་རྒྱུ་རེད། “སློབ་ཆེན་གྱི་འཚོ་བ་གང་འདྲ་འདུག”“ཕུགས་བསམ་ག་རེ་ཡོད”ཅེས་བློ་བཟང་རྒྱལ་མཚན་གྱིས་བརྩེ་བ་ཟབ་མོས་བཀའ་འདྲི་གནང་། བློ་བཟང་རྒྱལ་མཚན་གྱིས་དུས་དང་རྣམ་པ་ཀུན་ཏུ་བྱམས་བརྩེའི་བསམ་པ་བཅངས་ནས་ཕྲུ་གུ་མི་རེ་ངོ་རེར་སེམས་ཁུར་དང་བྱམས་སྐྱོང་བྱེད་དགོས། ཁོ་ཚོས་ཏང་གི་ཐུགས་ཁུར་དང་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བར་བྱས་ཏེ་ཁོ་ཚོ་བདེ་ཐང་ངང་འཚར་ལོངས་དང་བདེ་སྐྱིད་ལྡན་པའི་སྒོ་ནས་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཆུ་ཤུར་རྫོང་གནམ་ཤང་གི་དྲག་སྐྱེད་བྱུང་བའི་མི་སྣ་བཀོད་སྒྲིག་བྱ་ཡུལ་དུ་བློ་བཟང་རྒྱལ་མཚན་གྱིས་མཛེ་ནད་དྲག་སྐྱེད་བྱུང་བའི་མི་སྣའི་གམ་དུ་ཕེབས་ཏེ་རང་འགུལ་ངང་ཕྱག་བཏང་གནང་ནས་བདེ་སྡུག་བཀའ་འདྲི་གནང་བ་མ་ཟད། ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་དགོས་ལུགས་དང་དུས་ཆེན་གྱི་སྨོན་འདུན་དང་འཚམས་འདྲི་ཡང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།