དབུ་ཤོག>སྲིད་དོན།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-01-17

    མི་རིགས་ལས་དོན་གྱི་རྒྱང་སྐྱོད་ལམ་བུར་བོད་ཀྱིས་རྣམ་པ་གསར་རྐྱང་ཞིག་སླར་ཡང་གཏོད་འགོ་ཚུགས་ཡོད།

    2020ལོའི་ཟླ་1ཚེས་11ཉིན་གྱི་ཆུ་ཚོད་16དང་སྐར་མ་13ཐོག་ལྷ་སའི་བོད་ལྗོངས་མི་དམངས་ཚོགས་ཁང་དུ་འཐུས་མི་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པའི་ཁྲོད《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ལ་མོས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་རེད།

    དུས་རབས་ཀྱི་བླང་བྱ་དང་མི་དམངས་ཀྱི་རེ་སྒུག་ལ་བརྡ་ལན་ཧུར་ཐག་ཞུ་ཆེད་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐོར་གྱི་ཁྲིམས་སྲོལ་དེ་ཐོན་པ་རེད།

    ཁྲིམས་འཛུགས་དུས་དང་ཏག་ཏག་འཁེལ་བ།

    མི་རིགས་མང་པོ་འདུས་སྡོད་ཁུལ་གྱི་ས་ཁུལ་ཞིག་ཡིན་པའི་བོད་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་45ཡོད་པ་དང་། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་མི་འབོར་གྱི་91.83%བཟུང་ཡོད།

    བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་རིགས་ཁག་གི་མི་དམངས་ཚོས་དམངས་གཙོའི་བཅོས་སྒྱུར་བརྒྱུད་པ་དང་། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ། སྒྱུར་བཅོས་སྒོ་དབྱེ་བྱེད་པ་བཅས་ཀྱི་ཐོག་ནས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་སྟེ་དུས་ཐུང་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།

    དུས་ཀྱི་གནས་ཚད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལ་དམིགས་པའི་ཚེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”རྣམ་བཤད་གལ་ཆེན་བཏོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་འཚོགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གནང་བ། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་འཕྲིན་ལན་སྤྲིངས་ནས་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོར“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི”བླང་བྱ་བཏོན་ཡོད།

    2019ལོའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱེད་དགོས”ཞེས་བཏོན་གནང་ཡོད།

    མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དེས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་འགོ་ཚུགས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ངང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད།

    2012ལོ་ཚུན་དུ་བོད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་དང་རྒྱལ་ཡོངས་དང་དེ་བཞིན་ཞིང་ཆེན་དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པར་མིང་འདོགས་རྒྱུའི་རེ་འདུན་ཞུས་པ་སོགས་ཀྱི་བྱེད་སྟངས་བརྒྱུད་དཔེ་མཚོན་བཏོད་པས། ལྷ་ས་གྲོང་ཁྱེར་ཝ་པ་གླིང་སྡེ་ཁུལ་དང་གཞིས་རྩེ་གྲོང་ཁྱེར་ལྕང་ལོ་ཁང་གསར་གྲོང་ལྷན་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་འབོར་ཆེན་ཞིག་ཐོན་པ་དང་། མི་ཚང་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་ཧུར་ཐག་བྱེད་པ་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ཆེད་ལེགས་སྐྱེས་འབུལ་བའི་དུས་རབས་ཀྱི་ཁྱད་ཆོས་གྲུབ་ཡོད།

    འོན་ཀྱང་། དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་བོད་འདི་ཉིད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད་ལ། ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་དང་། ས་ཁོངས་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས། ཁ་ཕྲལ་ཕྱོགས་གཏོགས་བཅས་དབར་འཐབ་རྩོད་བྱེད་པའི་འཐབ་ས་མདུན་མར་ཡང་གནས་ཡོད། བོད་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ནི་རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་ཡོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་2017ལོར“འབད་བརྩོན་ཆེན་པོས་རང་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་སྔོན་ཐོན་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་གཏོད་རྒྱུའི”འཐབ་ཇུས་བཀོད་སྒྲིག་བཏོན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་སྐབས་དེར《བོད་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུཌ་གཏོད་བྱེད་རྒྱུའི་སྲོལ་ཡིག》ཅེས་པའི་ཁྲིམས་སྲོལ་བཟང་པོ་ཞིག་གསོན་ཉམས་ལྡན་པའི་ངང་ཐོན་ཡོད།

    “དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་མི་རིགས་ལས་དོན་སྐོར་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60ལྷག་ཙམ་སོང་རིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྲ་བརྟན་དུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ལས་འགན་སྔར་བས་ཁ་གསལ་བཟོས་ནས་འབད་བརྩོན་ཆེན་པོས་རང་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་སྔོན་ཐོན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དུ་གཏོད་རྒྱུའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་བཅས་རེད” མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འཛུགས་ལས་དོན་སྤེལ་བ་ནི་དུས་ལ་བབས་པ་ཞིག་རེད་ཅེས་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་ཚོས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།