དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-26

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བཞི་པ་འཚོག་རིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་ནས། ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ལ་གཙོ་གནད་ཐོག་དམིགས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་གསན་པ་རེད། 

    བཞུགས་མོལ་ཚོགས་འདུའི་ཐོག ཕུར་བུ་དོན་གྲུབ་དང་ཉི་མ་ཕན་ཐོགས་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་གནང་བ་དང་། ལས་སྒྲུབ་ལག་ལེན་དང་མང་ཚོགས་ཀྱི་འདུན་པ་དང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་དང་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ལས་ཞུགས་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་གྱི་འཐུས་མི་དང་བཞུགས་མོལ་བྱེད་པའི་ལམ་སྲོལ་འཛུགས་རྒྱུ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མི་དང་འབྲེལ་གཏུག་དང་ལྟ་སྐུལ་དང་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། འཐུས་མིའི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྔར་བས་དམངས་འཚོའི་དོན་དངོས་དང་ཉེ་བཅར་བྱ་རྒྱུར་ཕན་ཡོད་ཀྱི་འཚོལ་ཞིབ་བྱས་པ་ཞིག་ཀྱང་རེད།

    འཐུས་མི་རྣམས་དང་བཞུགས་མོལ་བྱས་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ཏེ་སྤེལ་རེས་ཟབ་མོ་བྱས་པས། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་ཐུབ་པ་དང་མི་དམངས་མང་ཚོགས་ཀྱི་སེམས་གཏམ་སྔར་བས་ལེགས་པར་མངོན་ཐུབ་སྟེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་མང་ཚོགས་དང་དེ་བས་འབྲེལ་འདྲིས་དང་དམངས་ཀྱི་བློ་གྲོས་ཀྱང་གཅིག་ཏུ་འདུ་ཐུབ་ཅེས་གསུངས་པ་རེད། 

    བློ་བཟང་རྒྱལ་མཚན་གྱིས་ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་པ་དང་། དེ་ནི་གོ་རིམ་ལྡན་པའི་ལས་དོན་ཞིག་ཡིན་པས་སྡེ་ཚན་ཁག་གིས་མཉམ་འབྲེལ་དང་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱས་ཏེ། སྲིད་ཇུས་ཀྱི་ཐད་ནས་རྒྱབ་སྐྱོར་གང་ཐུབ་བྱས་ཏེ་ལས་ཞུགས་སྔར་བས་ཡག་པོ་ཐུབ་པར་མཉམ་དུ་ནུས་ཤུགས་འདོན་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དམངས་ལ་ལས་འགན་སྒྲུབ་པའི་བསམ་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། རང་སར་མི་བཞག་མི་སར་རང་བཞག་སྟེ་ལས་ཞུགས་ལས་གཏོད་སོགས་དམངས་འཚོའི་དོན་དངོས་སེམས་ལ་འཆང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་འབོད་སྒྲ་ཉན་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། ཐབས་དང་ཇུས་འདོན་པ་བཅས་བྱེད་དགོས། སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ནས་ཏང་གི་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་དང་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་ཀྱི་སྒྲོག་འགྲེལ་བ་ཡག་པོ་བྱེད་པ་དང་། ལས་ཞུགས་ཐད་སེམས་ནུས་གཅིག་སྒྲིལ་བྱས་ནས། ལས་བརྩོན་ཕྱུག་འགྱུར་བྱས་ན་གཟི་བརྗིད་ཆེ་བའི་ལྟ་བ་མི་སེམས་སུ་ཟུག་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།