2019ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་སླེབས་མཚམས་སུ། སྒྲིག་ཁྲིམས་ཀྱི་བླང་བྱ་སྔར་བས་ནན་དུ་གཏོང་བ་དང“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་དུ་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་གསུམ་བརྡ་ཁྱབ་བཏང་བ་རེད།
ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་ཆབ་སྲིད་ཨུ་ཡོན་བཅས་ཡིན་པའི་དངོས་གྲུབ་ཀྱིས་སྒྲིག་འགལ་ངང་གཞུང་འཁོར་སྤྱད་པའི་གནད་དོན་ཡིན་ཞིང་། 2017ལོའི་ཟླ་ལྔ་པ་དང་བཅུ་གཉིས་པར་དངོས་གྲུབ་ཀྱིས་ལས་དགོངས་ཞུ་བ་དང་འཁོར་ཤག་རིང་ཚན་པའི་ཁ་ལོ་བར་རང་ཉིད་ལྷོ་ཁ་གྲོང་ཁྱེར་དུ་སྐྱེལ་རྒྱུ་བཀོད་སྒྲིག་ཐེངས་གཉིས་བྱས་པ་རེད། 2018ལོའི་ཟླ་བཅུ་གཉིས་པར་དངོས་གྲུབ་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་དང་། སྒྲིག་འགལ་ངང་གཞུང་འཁོར་སྤྱད་པའི་སྣུམ་རིན་སློག་ཏུ་བཅུག་པ་རེད།
ལྷོ་ཁ་གྲོང་ཁྱེར་སྲིད་གྲོས་ལོ་རྒྱུས་རིག་གནས་དང་མི་རིགས་ཆོས་ལུགས་ཁྲིམས་ལུགས་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་ཟླ་སྒྲོན་གྱིས་སྒྲིག་འགལ་ངང་སློབ་རིམ་འཕར་བའི་དགའ་སྐྱེལ་བཏང་བའི་གནད་དོན་ཡིན་ཞིང་། 2018ལོའི་ཟླ་བདུན་པར་ཟླ་སྒྲོན་གྱིས་རྩ་འཛུགས་ལ་ཐོ་འགོད་སྙན་སེང་མ་ཞུས་པར། ཕ་མའི་མིང་ཐོག་ནས་བུར་སློབ་རིམ་འཕར་བའི་དགའ་སྐྱེལ་བཏང་སྟེ་སྒྲིག་འགལ་ངང་ཚན་པའི་ལས་རོགས་ཀྱི་འབུལ་རྟེན་སྒོར་6300བླངས་པ་རེད། 2019ལོའི་ཟླ་བཞི་པར་ཟླ་སྒྲོན་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་། སྒྲིག་འགལ་དངུལ་གཞུང་བཞེས་བཏང་བ་རེད།
ཆབ་མདོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བྱེད་ལས་བཟོར་སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་སྤྲད་པའི་གནད་དོན་ཡིན་ཞིང་། 2015ལོར་ཏང་ཙུའུ་ཡི་ཧྲུའུ་ཅི་འཆི་བུ་ཚེ་རིང་གི་མིང་རྟགས་བཀོད་ནས་མོས་མཐུན་ཐོབ་པ་བརྒྱུད། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་སྒོར་ཁྲི་3.56སྤྲད་པ་དང་། 2015ལོ་ནས་2016ལོ་བར་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་ལིའུ་ཁྲེང་ཕིང་གི་མིང་རྟགས་བཀོད་ནས་མོས་མཐུན་ཐོབ་པ་བརྒྱུད། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་སྒོར་ཁྲི་24.78སྤྲད་པ། 2016ལོ་ནས་2017ལོ་བར་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་བློ་བཟང་གླིང་གི་མིང་རྟགས་བཀོད་ནས་མོས་མཐུན་ཐོབ་པ་བརྒྱུད། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་སྒོར་ཁྲི་13.3སྤྲད་པ། 2019ལོའི་ཟླ་བརྒྱད་པར་ལིའུ་ཁྲེང་ཕིང་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་དང་། འཆི་བུ་ཚེ་རིང་དང་བློ་བཟང་གླིང་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་ནས་སྒྲིག་འགལ་དངུལ་གཞུང་བཞེས་བཏང་བ་རེད།
བརྡ་ཁྱབ་ནང་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ལྷག་དོན་དུ“འགོ་ཁྲིད་ཨང་དང་པོས”ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་ལེན་ནན་པོ་བསྟར་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣེ་ཁྲིད་དེ་ལག་ལེན་བསྟར་ནས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་གི་བཀོད་སྒྲིག་ནན་པོ་གཞིར་བཟུང་། བཅོས་སྒྲིག་གི་གནད་དོན་ལ་དམིགས་པ་དང་རང་བཤེར་རང་བཅོས་གཏིང་ཟབ་བྱས་ཏེ། ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་དུ་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་དངོས་ཡོད་ཀྱི་ཞིབ་དཔྱད་དང་ཚད་གཞི་གལ་ཆེན་དུ་བརྩིས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཟབ་ཏུ་གཏོང་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བ་བྱེད་དགོས།
བརྡ་ཁྱབ་ནང་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱེད་པ་དང་། ཆེད་དོན་བཅོས་སྒྲིག་སྣེ་ཁྲིད་དུ་བྱེད་པ། ཐོན་སླ་བ་དང་ཐོན་མང་བ་དང་ཡོ་བསྲང་བྱས་ཀྱང་བསྐྱར་དུ་ཐོན་པའི་དཀའ་ཚེགས་ཀྱི་གནད་དོན་ལ་དམིགས་པ། བྱེད་ཐབས་ནུས་ལྡན་སྤྱོད་པ། ཐག་གཅོད་ཏན་ཏིག་བཅས་བྱེད་དགོས། ཟླ་9ཚེས་10ཉིན་ཀྲུང་དབྱང་སྒྲིག་ཨུད་ཀྱིས་འཚོགས་པའི“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི”འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་ཏན་དང་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་བཀོད་སྒྲིག་གཞིར་བཟུང་། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་རིང“སྤྱོད་ཚུལ་བཞི”ཡོ་བསྲང་གི་ལས་དོན་ལ་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས། སློབ་གསོ་དྲན་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། མངོན་བཤེར་ལྐོག་ཞིབ་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ། མཚམས་དང་ཚོད་མེད་པ་དང་ཤེས་བཞིན་དུ་མཚམས་འཇོག་མི་བྱེད་པའི་རིགས་ལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་སྦྲགས་མིང་འདོན་བྱས་ནས་དམར་རྗེན་དུ་འདོན་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》དོན་འཁྱོལ་ནན་པོ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་མི་ཐུབ་པ་དང་། “སྤྱོད་ཚུལ་བཞིའི”གནད་དོན་བཅོས་སྒྲིག་ནུས་ལྡན་མི་ཐུབ་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མངོན་གསལ་དོད་པ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་བཀོད་སྒྲིག་ལག་ལེན་བསྟར་སྐབས་རྣམ་འགྱུར་བསྟན་མང་བ་དང་། སྐད་གྲགས་ཆེ་བ། ལག་ལེན་ཉུང་བ། དོན་འཁྱོལ་ཞན་པ་བཅས་མཇུག་འབྲས་ངན་པ་བཟོ་མཁན་གྱི་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་རྩད་གཅོད་དང་བདའ་འདེད་ནན་པོ་གཏོང་དགོས།