དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་གཞིས་རྩེར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2019-09-01

     ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དང་། བཞད་མཐོང་སྨོན་རྫོང་། པ་སྣམ་རྫོང་། རྒྱལ་རྩེ་རྫོང་བཅས་སུ་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་དང་། རྫོང་ཁོངས་དཔལ་འབྱོར་འཆར་འགོད་བཀོད་སྒྲིག གཙོ་གནད་ལས་གྲྭ་འཛུགས་སྐྲུན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་རྒྱུ་གཞི་རྩའི་བྱེད་ཐབས་སུ་བརྩི་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་གསར་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ། རྫོང་ཁོངས་དཔལ་འབྱོར་ལུགས་མཐུན་བཀོད་སྒྲིག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལག་ལེན་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་བཅས་བྱས་ཏེ། མང་ཚོགས་རྒྱུན་མཐུད་འབབ་འཕར་དང་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།

    གཞིས་རྩེར་བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་ཞིང་འབྲོག་ཐོན་ལས་གླིང་དང་སྒོ་ཕྱུགས་གསོ་ཚགས་ར་བ་སོགས་སུ་ཕེབས་ཏེ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    བཞད་མཐོང་སྨོན་རྫོང་གི་མཐོང་བ་ཙམ་གྱིས་དགའ་འོས་པའི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་བཟའ་བཅའི་ཤ་མོ་ཐོན་སྐྱེད་དང་ཞིབ་འཇུག་གསར་སྤེལ་ལ་འབད་བཞིན་ཡོད་པ་མཁྱེན་སྐབས། ཀྲོང་ཡན་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་ཤ་མོའི་ཐོན་སྐྱེད་བརྒྱུད་རིམ་ལ་གཟིགས་པ་དང་ཤ་མོའི་ཚོད་ལྟ་ཁང་དུ་ཕེབས་ཏེ། སྣ་ཁ་གསར་པ་ཞིབ་འཇུག་གསར་སྤེལ་བྱས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར། ངེས་པར་དུ་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ས་གནས་དེ་གའི་དོན་དངོས་གཞིར་བཟུང་། ས་གནས་དེ་གའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། རྫོང་གྲོང་གི་དཔལ་འབྱོར་ཐོན་ལས་བཀོད་སྒྲིག་ལུགས་མཐུན་ངང་འཆར་འགོད་བྱེད་པ། རིགས་གཅིག་ཐོན་ལས་མི་ཐོན་པ་བཅས་བྱས་ཏེ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་དངོས་སུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

    པ་སྣམ་རྫོང་གི་མུའུ་ཁྲིའི་སྐྱེ་ལྡན་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་དང་རྒྱལ་རྩེ་རྫོང་གི་མུའུ་ཁྲིའི་གླ་ཚེར་ཐོན་ལས་གླིང་དུ་ཕེབས་སྐབས། ཀྲོང་ཡན་སྔོ་ཚལ་དྲོད་ཁང་ཆེན་པོར་ཕེབས་ནས་གླ་ཚེར་སྐྱེ་ཚུལ་ལ་གཟིགས་པ་མ་ཟད། རྣམ་གྲངས་ཀྱི་དཔལ་འབྱོར་ཕན་འབྲས་དང་། སྣོད་བཅུད་ཕན་འབྲས། ལས་ཞུགས་སྐུལ་ཁྲིད་བྱེད་ཚུལ་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བར། ཁྲོམ་རའི་སྟོན་ཕྱོགས་དང་། ཁེ་ལས་ཀྱི་གཉེར་སྐྱོང་། ཚན་རྩལ་གྱི་འདེགས་སྐྱོར། ཤེས་ལྡན་པའི་འགན་སྲུང་། ལས་ཞུགས་སྐུལ་ཁྲིད་བཅས་མཐའ་འཁྱོངས་བྱས་ཏེ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱུན་མཐུད་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོས། ཁེ་ལས་ཀྱི་ཐོན་ནུས་མཐོ་རུ་གཏོང་རྒྱུ་དང་། ཁེ་ལས་ཀྱི་ལས་བཟོའི་ཁེ་སྤོགས་ལེགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། ས་གནས་དེ་གའི་མང་ཚོགས་དེ་བས་མང་བ་རང་ས་རང་ཡུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཛུགས་སྐྲུན་ནང་ཞུགས་སུ་བཅུག་སྟེ་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རྣམ་གླིང་རྫོང་དུ་ཀྲོང་ཡན་ཤངས་ཆུའི་ཆུ་བེད་ལྟེ་གནས་དང་དེ་བཞིན་དེའི་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་ཨར་སྐྲུན་བྱེད་ཚུལ་ལ་གཟིགས་པ་དང་བཟོ་སྐྲུན་པ་ཚོར་འཚམས་འདྲི་ཡང་གནང་བ་རེད། དེ་རྗེས་ཁོང་གིས་ལས་གྲྭ་འཛུགས་སྐྲུན་བྱེད་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ལས་ཡུལ་དངོས་སུ་ཕྱག་ལས་གནང་སྟེ་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་འཕྲད་པའི་དཀའ་ངལ་མཐུན་སྦྱོར་ཐག་གཅོད་བྱེད་རོགས་གནང་ཞིང་། ཁོང་གིས་རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ལ། ཞབས་ཞུ་འགན་ལེན་གྱི་དམངས་འཚོའི་ཆུ་ཚད་ཀྱང་མཐོ་རུ་གཏོང་དགོས། ཨར་སྐྲུན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་འགན་ལེན་བྱེད་དགོས་པ་དང་། སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་སྤུས་ལེགས་ལས་གྲྭ་དང་ལོ་བརྒྱའི་ལས་གྲྭ་བསྐྲུན་རྒྱུ་འགན་ལེན་བྱེད་པ། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནན་པོ་བསྲུངས་ནས་རྣམ་གྲངས་ཨར་སྐྲུན་གྱིས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་ཚད་དང་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་གང་ཐུབ་བྱེད་པ། གནད་སྨིན་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ནས་ས་གནས་དེ་གའི་མང་ཚོགས་འཛུགས་སྐྲུན་ནང་ཞུགས་ནས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱེད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རྒྱལ་རྩེ་རྫོང་དུ་ཀྲོང་ཡན་གྱིས་ཕ་ལྷ་གཞིས་ཀ་དང་རྫོང་རིའི་དབྱིན་འགོག་དམག་འཁྲུག་གི་རྗེས་ཤུལ་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་རྟོག་ཞིབ་གནང་ནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་བོད་གསར་རྙིང་བསྡུར་བ་ཤུགས་ཆེན་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་གིས་མ་གཏོགས་བོད་ལྗོངས་སྐྱོབ་མི་ཐུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མ་གཏོགས་བོད་ལྗོངས་འཕེལ་རྒྱས་གཏོང་མི་ཐུབ་པ་གསལ་པོར་མཚོན་ཡོད། དེར་བརྟེན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”སྔར་བས་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལག་ལེན་དངོས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ། བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་བློའི་འཁྱེར་སོ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་ལོ་རྒྱུས་ཀྱི་འགན་འཁྲིའི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    གཞིས་རྩེར་ཀྲོང་ཡན་གྱིས་ད་དུང་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། གཞི་རིམ་གྱི་གྲོང་སྡོད་ལས་དོན་རུ་ཁག་ལའང་གཟིགས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།